PODCAST · news
Voice of Tibet
by Voice of Tibet
Voice of Tibet’s main objectives are to provide a channel for unbiased information and news to the Tibetans living under Chinese oppression in Tibet, to help preserve the threatened Tibetan culture, to educate the Tibetans in internationally acknowledged human rights, to inform about democracy and the democratic institutions of the Tibetan exile community, and to help prevent conflicts and discrimination. Another main objective is to improve communications within as well as between the Tibetan exile communities.
-
10
ལ་དྭགས་གཞོན་སྐྱེས་ཚོས་༸གོང་ས་མཆོག་གི་མྱོ་རྫས་ངན་གོམས་དང་འབྲེལ་བའི་གསུང་འཕྲིན་ལག་བསྟར་དགོས་པའི་གཞེན་སྐུལ་གནང་འདུག
ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གཞོན་ནུ་ཚོར་མྱོ་རྫས་ངན་གོམས་དང་འབྲེལ་བའི་ཡིག་ཐོག་གསུང་འཕྲིན་ཞིག་སྩལ་ཡོད་པ་དང་།  དེ་འབྲེལ་ལ་དྭགས་གཞོན་སྐྱེས་ཁག་གཅིག་གིས་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ཡིག་ཐོག་ཁོ་ནར་ལུས་སུ་མ་བཅུག་པར་ངེས་པར་དུ་རང་སོ་སོའི་མི་ཚེའི་ཁྲོད་ལག་བསྟར་དགོས་པའི་གཞེན་སྐུལ་གནང་འདུག  དེ་ཡང་༸གོང་ས་མཆོག་ལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་མང་མཇལ་སྐབས།  ལ་དྭགས་གཞོན་ནུ་ཁག་གཅིག་གིས་སེམས་ངལ་སོགས་ཀྱི་བདེ་སྡུག་འདྲ་མིན་སྐོར་བཀའ་འདྲི་ཞུས་ཡོད་པ་དང་།  དེ་དག་ཁོངས་ནས་གཅིག་གིས་ཡུལ་དེའི་ནང་གི་གཞོན་སྐྱེས་ཁྲོད་མྱོ་རྫས་རྐྱེན་པས་དཀའ་ངལ་འཕྲད་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐོར་བཀའ་འདྲི་ཞུས་ཡོད་པར།  དེ་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱའི་སྟེང་ཡིག་ཐོག་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་།  མྱོ་རྫས་ལོངས་སུ་སྤྱོད་པའི་གནོད་སྐྱོན་གྱི་རང་བཞིན་དང་དེ་ནི་གོམས་གཤིས་ངན་པ་ཞིག་ཡིན་པ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད།  ནམ་ཞིག་མྱོ་རྫས་བེད་སྤྱོད་བྱེད་པའི་མཇུག་འབྲས་སྐོར་བསམ་གཞིག་བྱེད་ན།  དེས་སྡུག་བསྔལ་ཁོ་ན་ལས་ཡོང་གི་མེད་པ་མངོན་གསལ་ཡིན་སྐོར་བཀའ་སྩལ་འདུག་པ་དང་།  མྱོ་རྫས་ངན་གོམས་ལས་བཅོས་ཐབས་དང་དྲག་སྐྱེད་ཀྱི་ལམ་དུ་གནས་རྒྱུ་དེར་དངོས་ནས་ཀྱི་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་དགོས་པ་མཁྱེན་གྱི་ཡོད་སྐོར་དང་།  དཀའ་ངལ་དེ་དག་ལས་ཐར་བར་བྱེད་མཁན་གཞོན་སྐྱེས་ཡོངས་ལ་ཡིད་རངས་བསྔགས་བརྗོད་ཡོད་ཅེས།  ལ་དྭགས་གཞོན་ནུ་ཚོའི་ངོས་ནས་མྱོ་རྫས་ལོངས་སུ་སྤྱོད་རྒྱུར་འཛེམ་དགོས་པ་དང་།  ངན་གོམས་དེའི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པ་ཡོངས་ལ་མྱུར་དུ་བདེ་ཐང་དང་དོན་སྙིང་ལྡན་པའི་མི་ཚེ་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡོད་པ་བཀའ་སྩལ་འདུག འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིར་དང་ལེན་ཁྲོད་ལ་དྭགས་གཞོན་སྐྱེས་ཁག་གཅིག་གིས་ཉེ་ལམ་༸གོང་ས་མཆོག་གི་མྱོ་རྫས་ངན་གོམས་སོགས་དང་འབྲེལ་བའི་གསུང་འཕྲིན་དེའི་སྐོར་ཁོང་རྣམས་ཀྱིས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་འགན་གྲངས་ལས་འདས་པ་ཡོད་ཀྱང་།  ༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ལ་དྭགས་གཞོན་སྐྱེས་ཚོའི་བདེ་སྡུག་ཆ་ཚང་གསན་བཞེས་ཀྱིས་དུས་མཐུན་འོས་ཤིང་འཚམས་པའི་ཐབས་ལམ་སྟོན་གནང་མཛད་པ་དེར་ཐུགས་རྗེ་ཆེ་ཞུས་ཀྱི་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད།  གསུང་འཕྲིན་ནང་དམིགས་བསལ་གྱིས་༸གོང་ས་མཚོག་ནས་རང་གཅེས་འཛིན་གྱི་བློ་དོར་ཏེ་གཞན་གཅེས་འཛིན་གྱི་བློ་ཇི་ལྟར་གོང་འཕེལ་གཏོང་དགོས་པ་སོགས་སེམས་ལ་སྦྱོང་བརྡར་སྤྲད་དགོས་གལ་སྐོར་གྱི་བཀའ་སློབ་ལམ་སྟོན་ཕེབས་ཡོད་པ་དེ་དུས་ལ་བབས་པ་ཞིག་རེད་འདུག་ཅེས་གསུངས་འདུག  མ་ཟད་བདེ་བ་ངོ་མ་དེ་སེམས་ཀྱི་ཞི་བདེ་དང་གཞན་ཕན་གྱི་བསམ་བློ་ནས་ཡོང་གི་ཡོད་སྐོར་བཀའ་སློབ་ལམ་སྟོན་སྩལ་བ་དེ་ལ་དྭགས་མི་མང་ལ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ།  ལྷག་པར་དུ་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་སྡུག་བསྔལ་ཅི་འདྲ་ཞིག་ཡིན་རུང་མཐར་ཐུག་ན་ནང་སེམས་ལ་རག་ལས་ཀྱི་ཡོད་པ་དང་།  ལ་དྭགས་གཞོན་སྐྱེས་ཚོའི་ངོས་ནས་ཀྱང་གཞི་རྩའི་ལྟ་གྲུབ་ཤེས་ཀྱི་ཡོད་ཀྱང་གཙོ་བོ་ལག་ལེན་ལ་ཐུག་ཡོད་པ་དང་།  སྤྱིར་དེང་དུས་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་རྣམ་གཡེང་གི་གནས་སྟངས་འོག་བཀའ་སློབ་དེ་དག་ལག་བསྟར་གནང་རྒྱུ་ཁག་པོ་ཏན་ཏན་ཡོད་རེད་དེ།  གོམ་པ་རེ་རེ་བྱས་ཏེ་སྤོ་ནས་རིམ་པས་གང་ཟག་བྱམས་བརྩེ་ལྡན་པ་དྲང་པོ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱས་ན།  དེ་ནི་༸གང་ཉིད་མཆོག་ལ་ལེགས་སྐྱེས་ཡག་ཤོས་ཤིག་རེད་ལ།   མ་འོངས་ལ་དྭགས་དེ་བཞིན་བདེ་སྐྱིད་བདེ་ཐང་ལྡན་པ་ཞིག་ཏུ་འགྱུར་རྒྱུར་རེ་བ་འཆང་གི་ཡོད་པ་གསུངས་འདུག  དེ་བཞིན་ཉེ་ལམ་༸གོང་ས་མཆོག་གིས་གསུང་འཕྲིན་ནང་དམིགས་བསལ་གྱིས་ལ་དྭགས་གཞོན་ནུ་ཚོས་མྱོ་རྫས་ལོངས་སུ་སྤྱོད་རྒྱུ་འཛེམ་དགོས་པའི་སྐོར་བཀའ་མངགས་སྩལ་བའི་སྐོར་དང་འབྲེལ།  མྱོ་རྫས་བེད་སྤྱོད་བྱས་ན།  རང་སོ་སོའི་འཕྲོད་བསྟེན་ལ་གནོད་པ་ཙམ་མིན་པར།  ནང་མི་སྤུན་མཆེད་ཡོངས་རྫོགས་གཏོར་བཤིག་གཏོང་གི་ཡོད་པ་དང་།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་གསུང་འཕྲིན་སྩལ་བ་དེ་ནི་བཀའ་སློབ་ལམ་སྟོན་ཙམ་མིན་པར།  དེ་དག་ང་ཚོས་ཇི་ལྟར་ལག་བསྟར་དགོས་པའི་སྐུལ་མ་ཞིག་ཀྱང་ཡིན་ལ།  ༸གང་ཉིད་མཆོག་གིས་བཀའ་སྩལ་ལྟར།  མྱོ་རྫས་ལོངས་སུ་སྤྱོད་མཁན་ཚོར་མཐོང་ཆུང་གི་ལྟ་སྟངས་ཤིག་འཁྱེར་རྒྱུ་མེད་པ་དང་།  ཁོང་རྣམས་ལ་བྱམས་དང་བརྩེ་བས་སྒོ་ནས་དེ་ལས་ཐར་བར་བྱེད་པར་རོགས་རམ་བྱེད་དགོས་པ་མ་ཟད།  གང་ཟག་སུ་འདྲ་ཞིག་ཡིན་རུང་ཚང་མ་ལ་ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་ཡོད་པ་སོགས་ཀྱི་དྲན་སྐུལ་གྱིས།  ང་ཚོ་ཚང་མས་རང་སོ་སོའི་སེམས་དྭངས་མ་དེའེི་ཐོག་ནས་སྔར་ལས་ལྷག་པའི་མི་བཟང་པོ་ཞིག་ཏུ་འགྱུར་ཐུབ་པར་འབད་བརྩོན་གནང་དགོས་པ་གསུངས་འདུག  སྤྱིར་ཐེངས་འདའི་བཅར་འདྲི་ཁྲོད་ལ་དྭགས་གཞོན་ནུ་གཅིག་གིས་ཉེ་ལམ་༸གོང་ས་མཆོག་གི་གསུང་འཕྲིན་དེ་ཉིད་ལ་དྭགས་གཞོན་ནུ་ཁོ་ནར་དམིགས་པ་ཞིག་མ་ཡིན་པར་དེ་ནི་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་ཡིན་སྐོར་གསུངས་ཡོད་སྟབས།  འདི་ག་རླུང་འཕྲིན་ཁང་ལ་ཁུལ་དེར་གནས་སྡོད་བོད་མི་གཅིག་གིས།  ཐེངས་འདིའི་༸གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་གཙོ་བོ་ལ་དྭགས་གཞོན་ནུ་ཁྲོད་སེམས་ངལ་དང་མྱོ་རྫས་ལངས་ཤོར་སྐོར་བཀའ་སློབ་ལམ་སྟོན་སྩལ་ཡོད་པར།  ༸གང་ཉིད་མཆོག་གིས་བཀའ་མངགས་ལྟར་དེ་དག་གི་རྒྱུ་རྐྱེན་ཕལ་ཆེ་བ་བཟང་སྤྱོད་དང་གཞན་ཕན་གྱི་སེམས་མ་འདང་བའི་རྒྱུ་མཚན་གྱིས་ཡོང་གི་ཡོད་དུས།  ང་ཚོའི་མི་རབས་རྒན་པ་ཚོའི་ངོས་ནས་ཐུགས་འགན་བཞེས་ཏེ་གཞོན་སྐྱེས་ཁྲོད་རིན་ཐང་དེ་དག་གོང་འཕེལ་ཐད་ཤུགས་སྣོན་རྒྱག་དགོས་གལ་ཡིན་པ་གསུང་གི་འདུག  གཞི་རྩའི་༸གོང་ས་མཆོག་གིས་ཉེ་ལམ་ནས་ལ་དྭགས་གཞོན་སྐྱེས་ཚོར་མང་མཇལ་སྩལ་གནང་མཛད་ཀྱི་ཡོད་པ་ལྟར།  ཁ་ཉིན་ཕྱི་ཚེས་ ༢༥ ཉིན་མཇལ་བཅར་ཞུས་མཁན་ཁོངས་སུ་ལ་དྭགས་ནང་གི་གཞོན་སྐྱེས་གཞས་པ་གྲགས་ཅན་གྲས་དང་མྱོ་རྫས་ངན་གོམས་སྤངས་ཟིན་པའི་གཞོན་ནུ་ཁག་གཅིག་གིས་༸གང་ཉིད་མཆོག་ལ་མྱོ་རྫས་ལོངས་སུ་སྤྱོད་རྒྱུ་མཚམས་འཇོག་བྱེད་ཡིན་སྐོར་སྙན་སེང་ཞུས་པར་༸གོང་ས་མཆོག་གིས་ཀྱང་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཡོད་པ་དང་།  གཞོན་ནུ་དེ་དག་ཁོངས་ནས་གཅིག་གིས་འདི་ག་རླུང་འཕྲིན་ཁང་གིས་བཅར་འདྲིར་དང་ལེན་ཁྲོད།  ཁོང་མྱོ་རྫས་ལ་ཧ་ཅང་ལངས་ཤོར་ཕྱིན་ཏེ་སྤང་ཐུབ་ཡག་མེད་མཁན་གྱི་གང་ཟག་ཅིག་ཏུ་གྱུར་ཡོད་ནའང་།  རིམ་པས་ནང་མིའི་སེམས་འཚབ་དང་སོ་སོའི་འཕྲོད་བསྟེན་ལ་གཞིགས་ཏེ།  ད་ཡིན་ན་སྤང་དགོས་འདུག་བསམ་བྱུང་ཅེས།  དུས་དེ་ནས་བཟུང་ནང་མིར་དམ་བཅའ་བཞག་སྟེ་དགོན་པར་མཆོད་མཇལ་གྱིས་རིམ་པས་དུག་རྫས་ལོངས་སུ་སྤྱོད་རྒྱུ་མཚམས་འཇོག་བྱས་ཡིན་ཅེས་དང་།   ཁག་གཅིག་གིས་མྱོ་རྫས་ངན་གོམས་ཤོར་ཚར་ན་དུས་ནམ་ཡང་སྤང་ཐུབ་ཀྱི་མ་རེད་ཅེས་བཤད་མཁན་ཡོད་ཀྱང་།  དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་དང་།  འཇིག་རྟེན་འདིའི་ནང་ཅི་ཞིག་བྱ་དགོས་བསམ་ན་བྱེད་ཐུབ་ཡག་མེད་པ་གཅིག་ཀྱང་མི་འདུག་ཅེས།  ད་ལྟ་ཁོང་མྱོ་རྫས་ལོངས་སུ་སྤྱོད་རྒྱུ་མཚམས་འཇོག་བྱས་ཟིན་དུས།  ནང་མི་ལྷན་དུའང་སྙིང་ཉེ་བོར་གྱུར་ཡོད་པ་དང་།  སྤྱི་ཚོགས་ཁྲོད་མང་ཚོགས་ཀྱིས་ཀྱང་རྒྱབ་བཤད་མེད་པར་ལྟ་སྟངས་ཡག་ཏུ་ཕྱིན་པ་གཙོས་པའི་བསྟོད་ར་གཏོང་གི་ཡོད་དུས་སེམས་པའང་སྐྱིད་པོ་འདུག་ཅེས་གསུང་གི་འདུག་ལ།  […] The post ལ་དྭགས་གཞོན་སྐྱེས་ཚོས་༸གོང་ས་མཆོག་གི་མྱོ་རྫས་ངན་གོམས་དང་འབྲེལ་བའི་གསུང་འཕྲིན་ལག་བསྟར་དགོས་པའི་གཞེན་སྐུལ་གནང་འདུག appeared first on vot.
-
9
རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་བོད་རིག་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ་རེད་འདུག
རིང་མིན་བལ་ཡུལ་དུ་འཚོག་གཏན་ཁེལ་བའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་རྒྱ་ནག་གི་གནོན་ཤུགས་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཉམས་ཞིབ་པ་བཅར་རྒྱུ་ཕྱིན་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་རྣམ་པ་སྔར་སྲོལ་བཞིན་ཞིབ་འཇུག་ཚོགས་འདུར་བཅར་གཏན་ཁེལ་ཡོད་པའི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ཉམས་ཞིབ་པ་ཞིག་གིས་གསལ་བཤད་གནང་སོང་། དེ་ཡང་འདི་ལོའི་ཟླ་བ་བརྒྱད་པའི་ནང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོག་གཏན་ཁེལ་བར། བལ་ཡུལ་གནས་འཁོད་རྒྱ་ནག་གི་གཞུང་ཚབ་ཀྱིས་ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་ལ་སྐྱོན་བརྗོད་དང་། བོད་དོན་ཆབ་སྲིད་གླེང་སྲིད་པའི་བློ་འཚབ་བསྟན་ནས། བལ་ཡུལ་གཞུང་ནས་ཚོགས་འདུའི་བརྗོད་བྱར་བྱ་ར་སྟངས་འཛིན་དགོས་པའི་འབོད་སྐུལ་བྱས་པའི་རྗེས། བལ་ཡུལ་དང་རྒྱ་གར་གྱི་གསར་ཁང་ཁག་ཅིག་གི་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཉམས་ཞིབ་པ་གཞུང་འབྲེལ་ངོ་བོའི་ཐོག་ནས་གཏང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་ལུགས་ཀྱི་གནས་ཚུལ་ཐོན་ཡོད། འོན་ཀྱང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དེ་ལྟ་བུའི་ཐག་གཅོད་ཅིག་བྱས་མེད་པ་དང་། གཞུང་འབྲེལ་ཉམས་ཞིབ་པ་རྣམས་སྔར་སྲོལ་བཞིན་དུ་ཚོགས་འདུར་བཅར་གཏན་ཁེལ་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཞིག་གིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་བྱུང་། བལ་ཡུལ་གྱི་གསར་ཁང་ Nepalkhabar གྱིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་ཐོག་རྒྱ་ནག་གི་གནོན་ཤུགས་དང་། ཚོགས་འདུར་བར་ཆད་མི་ཡོང་བའི་ཆེད་དུ་བལ་ཡུལ་དུ་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཉམས་ཞིབ་པ་གཞུང་འབྲེལ་ངོ་བོའི་ཐོག་ནས་གཏང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང་། དེ་སྔོན་དེབ་སྐྱེལ་བྱས་ཟིན་པའི་ཉམས་ཞིབ་པ་རྣམས་སྒེར་གྱི་ངོ་བོའི་ཐོག་ནས་ཚོགས་འདུར་བཅར་འཐུས་ཚུལ་སྐོར་གནས་ཚུལ་སྤེལ་འདུག བོད་མིའི་སྒྲིག་འཛུགས་ནས་བོད་རིག་པའི་ཚོགས་འདུའི་ནང་གཞུང་འབྲེལ་ཉམས་ཞིབ་པ་གཏང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཚོགས་འདུར་བོད་རིགས་ཉམས་ཞིབ་པ་གཞན་གང་མང་བཅར་ཐུབ་ཐབས་སུ་དམིགས་ཏེ། བོད་རིགས་ཚོགས་བཅར་བ་མི་གྲངས་ ༢༥ ལ་ལམ་གྲོན་དང་ཁང་གླའི་ཆེད་ཧིན་སྒོར་ ༥༠,༠༠༠ རེ་གནང་རྒྱུུའི་གསལ་བསྒྲགས་དེ་སྔོན་ནས་སྤེལ་ཟིན་ཡོད།   རྒྱ་ནག་གཞུང་ནས་བལ་ཡུལ་དུ་ཚོགས་གཏན་ཁེལ་བའི་བོད་རིག་པའི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གི་བཤད་ཚུལ་དང་མི་མཐུན་པའི་ལོ་རྒྱུས་དང་། སྤྱི་ཚོགས་ཆབ་སྲིད་ཀྱི་གནད་དོན་གླེང་སློང་བྱ་རྒྱུར་བཀག་སྡོམ་བྱ་རྒྱུའི་ཆེད། ཚོགས་འདུ་དེར་བློ་འཚབ་ཡོད་སྐོར་གྱི་ཉེན་བརྡ་སྔོན་ཚུད་ནས་བཏང་བ་ཞིག་ཡིན་པ་དང་། ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་གནད་དོན་དེ་རྒྱལ་སྤྱིའི་སྟེང་གླེང་གཞི་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཚོགས་འདུའི་ནང་དུའང་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གླེང་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་གལ་གནད་ཆེ་མཐོང་དང་། ཚོགས་བཅར་བའི་གྲངས་འབོར་མང་དུ་འགྲོ་བཞིན་པར་མཐོང་ནས། དེ་ལ་གདོང་ལེན་བྱ་རྒྱུར་ཕྱི་ལོ་ ༡༩༨༦ ཟླ་བ་ ༥ ཚེས་ ༢༠ ཉིན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཞེས་པ་ཞིག་པེ་ཅིང་དུ་གསར་འཛུགས་བྱས་ཏེ། ད་བར་རྒྱལ་སྤྱི་རྒྱལ་ནང་དུ་རྒྱ་ནག་གཞུང་གི་བཤད་ཚུལ་དང་མཐུན་པའི་བོད་ཀྱི་ལོ་རྒྱུས་རིག་གནས་ཁྱབ་སྤེལ་དྲིལ་བསྒྲགས་བྱ་རྒྱུར། ཚོགས་འདུ་ཆེ་ཆུང་རིམ་པ་མི་འདྲ་བ་མང་དག་བསྐོང་ཚོགས་བྱས་ཡོད། ཉེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ནང་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་ཞེས་པ་བསྐོང་ཚོགས་བྱས་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་དབྱིན་སྐད་ཐོག་བོད་ཀྱི་སྐད་དོད་དུ། Tibet མ་ཡིན་པར་ Xizang ཞེས་འབོད་འགོ་བཙུགས་དགོས་པའི་གྲོས་འགོ་བཏོན་ཡོད་པ་དང་། གྲོས་འགོ་དེ་གཞིར་བཟུང་ཕྱིས་སུ་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཡིག་ཆ་ཁག་དང་གསར་ཁང་སོགས་སུ་ཨིན་སྐད་ཐོག་བོད་ཀྱི་སྐད་དོད་དུ་ Xizang ཞེས་འབྲི་འགོ་བཙུགས་པ་དང་སྦྲགས། མིང་བརྡ་དེ་ཉིད་བོད་རང་ལྗོངས་ཟེར་བ་ཁོ་ན་ལས་མདོ་སྟོད་སྨད་གཉིས་ལ་འཇུག་གི་མེད་ལུགས་ཀྱི་མིང་བརྡའི་ཆབ་སྲིད་བརྩེ་འགོ་བཙུགས། རྒྱ་ནག་གཞུང་གིས་ཁ་གཏད་དུ་ངོས་འཛིན་བྱེད་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བདུན་པ་རྒྱ་ནག་གི་ཉེ་འགྲམ་བལ་ཡུལ་ནང་འཚོག་གཏན་འཁེལ་བར། […] The post རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་བོད་རིག་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ་རེད་འདུག appeared first on vot.
-
8
བོད་དོན་དང་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་མྱ་ངན་གུས་འདུད་སླད་རྒྱ་གར་དང་ཕྱི་རྒྱལ་གཉིས་ཀའི་ནང་ལས་འགུལ་འདྲ་མིན་སྤེལ་བཞིན་པ།
བོད་ཀྱི་གནད་དོན་དང་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བློས་བཏང་ལ་མྱ་ངན་གུས་འདུད་ཆེད་རྒྱ་གར་དང་། ཡུ་རོབ། ཨ་རི་སོགས་རྒྱལ་ཁབ་ཕྱི་ནང་གཉིས་ཀའི་ནང་རྐང་འཁོར་སྐོར་སྐྱོད་དང་། སྦག་སྦག་སྐོར་སྐྱོད། ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་རེད་འདུག དེ་ཡང་ཉེ་ལམ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་ནས་བཟུང་། རྒྱལ་སྤྱིའི་ཁྱོན་ཡོངས་སུ་དམ་པ་ཁོང་གིས་བློས་བཏང་དང་རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་སྲིད་བྱུས་ལ་ངོས་ལེན་མེད་པའི་ལས་འགུལ་རིམ་པ་སྤེལ་བཞིན་པའི་ཁྲོད། ཁ་སང་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་གནས་སྡོད་བོད་མི་བཟའ་ཚང་བསྟན་འཛིན་དབང་འདུས་ལགས་དང་།  ཟླ་བ་ལགས་གཉིས་ཀྱིས་ཁུལ་དེ་ནས་འགོ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་དུ། སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག ཕྱོགས་མཚུངས་ཡོ་རོབ་ཀྱི་རྒྱལ་ཁབ་ Austria ནང་གི་ Linz གྲོང་ཁྱེར་ནང་བོད་མི་ཉི་མ་ཚེ་རིང་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་དུ་དམ་པ་དེ་ཉིད་དགོངས་པ་རྫོགས་རྗེས་ཀྱི་ཞག་ ༤༩ མ་ཟིན་བར་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དང་འབྲེལ། མང་ཚོགས་ཚང་མས་དམ་པ་ཁོང་གི་ཞལ་ཆེམས་ལག་བསྟར་གནང་དགོས་གལ་ཡིན་པའི་བརྡ་ལན་གནང་འདུག རྩ་བའི་བཞུགས་སྒར་དུ་ཟླ་འདིའི་ཕྱི་ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་ཆེ་བསྟོད་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་དང་འབྲེལ། བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་མངོན་འདོད་རྒྱུན་མཐུད་སླད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་མུས་ཡིན་པ་དང་། དེའང་འཛམ་གླིང་ཡོངས་སུ་ཆགས་པའི་གཞོན་ནུའི་ས་གནས་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་བརྒྱུད་འཛམ་གླིང་ཡོངས་སུ་སྤེལ་རྒྱུའི་རྒྱུན་མཐུད་ཀྱི་ལས་འགུལ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཁ་སང་ཨ་རིའི་ནིའུ་ཡོག་ནང་དུའང་སྟོད་གོས་ནག་པོ་གྱོན་ནས་ཁུལ་དེའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་པ་མ་ཟད། རྒྱལ་གཅེས་པ་དམ་པ་ཁོང་སྐུ་འདས་གྲོངས་སུ་ཕྱིན་ནས་བདུན་ཚིགས་གསུམ་པ་དང་བསྟུན། བོད་མིའི་འདུ་སྡོད་ས་གནས་གང་སར་མཆོད་འབུལ་སྨོན་ལམ་དང་། ཞི་བའི་ངོ་རྒོལ་སོགས་གནང་བཞིན་ཡོད་པ་རེད། མ་ཟད་བོད་ཀྱི་གནད་དོན་དང་འབྲེལ་རྒྱ་གར་གྱི་ Youtube བརྙན་ཐུང་བཟོས་མཁན་ SANJEET WITH TTI STUDY ཞུ་བ་ཞིག་གིས། ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༧ པ་ནས་འགོ་འཛུགས་ཀྱིས་ X སྤྱི་ཚོགས་དྲྭ་ལམ་སྟེང་ #StandWithTibet དང་ #FreeTibet ཞེས་ (Hashtag) ཚིག་བེད་སྤྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དེར་མང་ཚོགས་ནས་མཉམ་ཞུགས་དགོས་པའི་སྐུལ་མ་གནང་འདུག The post བོད་དོན་དང་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་མྱ་ངན་གུས་འདུད་སླད་རྒྱ་གར་དང་ཕྱི་རྒྱལ་གཉིས་ཀའི་ནང་ལས་འགུལ་འདྲ་མིན་སྤེལ་བཞིན་པ། appeared first on vot.
-
7
བཀའ་འགྱུར་ནང་གི་མདོ་རིང་ཤོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དབྱིན་སྒྱུར་གནང་ཟིན་འདུག
༸སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དབུ་འཛུགས་གནང་བའི་ 84000: Translating the Words of the Buddha ཞེས་སངས་རྒྱས་ཀྱི་ཆོས་ཕུང་ ༨༤༠༠༠ ཡིག་སྒྱུར་གྱི་ལས་གཞི་ཁྲོད་ཉེ་ཆར་བཀའ་འགྱུར་ནང་གི་མདོ་རིང་ཤོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ The Perfection of Wisdom in One Hundred Thousand Lines དེ་ཉིད་དབྱིན་སྒྱུར་གནང་ཟིན་འདུག དེ་ཡང་ལས་གཞི་དེའི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཉེ་ལམ་བོད་ཟླ་དྲུག་པའི་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ནས། པོད་བཅུ་གཉིས་དང་ཤོག་གྲངས་དགུ་སྟོང་བཞི་བརྒྱ་ཉི་ཤུ་ཅན་གྱི་གཞུང་༼ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་༽དེ་བཞིན་ལོ་ངོ་བཅུ་གཉིས་རིང་ལོ་ཙཱ་བ་མི་གྲངས་བཅུ་གསུམ་གྱིས་དབྱིན་སྒྱུར་གནང་ཡོད་པ་སྟེ་ད་ལྟའི་ཆར་ལེགས་གྲུབ་ཀྱིས་ལས་གཞིའི་དེའི་དྲྭ་ཚིགས་ནས་མང་ཚོགས་ཀྱིས་རིན་མེད་ཐོག་ལྟ་ཀློག་ཐུབ་པ་བཟོས་གནང་ཡོད་པ་རེད་འདུག མ་ཟད།  བོད་བརྒྱུད་ནང་བསྟན་གྱི་བཀའ་འགྱུར་ནང་ནས་མདོ་རིང་ཤོས་འདི་པར་བསྐྲུན་གནང་ཐུབ་པར་དྲན་གསོའི་ཆེད་དུ།  ལས་གཞི་དེའི་ཚོགས་མི་རྣམས་ནས་རིན་པོ་ཆེ་དང་། བླ་མ།  ལོ་ཙཱ་བ།  ཉམས་ལེན་པ་བཅས་ལ་གྲུབ་འབྲས་དམིགས་བསལ་ཅན་དེའི་ཐད་ཁོང་རྣམ་པའི་དགོངས་ཚུལ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག་པ་དེའི་ནང་།   ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་།  ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག  ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག  དེ་བཞིན་བོད་བརྒྱུད་ནང་བསྟན་དང་ཕྱི་རྒྱལ་གྱི་བླ་སྤྲུལ་ལོ་ཙཱ་བ་དང་མཁས་པ་སོགས་ཀྱིས་གཞུང་ཆེན་འདི་བཞིན་དབྱིན་སྒྱུར་དུ་ལེགས་གྲུབ་བྱུང་བ་ལ་དགའ་བསུ་དང་འབྲེལ།  དེར་འགྲེལ་བརྗོད་ཁྲོད། རང་དབང་དང་།  བདེན་པ།  ཧ་ལས་པ།  དུས་ལས་འདས་པ། ཤེས་རབ།  དྲན་རྟེན་སོགས་ཀྱི་ཚིག་བེད་སྤྱོད་གནང་མཁན་བྱུང་འདུག   མ་ཟད་ཁག་གཅིག་གིས་དེའི་གལ་གནད་མང་ཚོགས་ཀུན་ལ་ཁྱབ་ཐུབ་པ་བྱ་དགོས་པ་དང་།  དེ་ཉིད་མཆོད་པ་སོགས་ཀྱི་སྟེང་བཤམ་པ་ཙམ་མིན་པར་དེའི་ཐོག་ཐོས་བསམ་སྒོམ་གསུམ་གནང་དགོས་གལ་ཡིན་པ་གསུངས་འདུག་ལ།   ལྷག་པར་དུ་ཆོས་ཕུང་ ༨༤༠༠༠  ཡིག་སྒྱུར་གྱི་ལས་གཞི་དབུ་འཛུགས་གནང་མཁན་༸སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཞུང་ཆེན་འདི་ནི་ཐེག་པ་ཆེན་པོའི་རྗེས་འབྲངས་པ་ཚོར་སངས་རྒྱས་ཆོས་ཀྱི་ཁོག་པའི་སྙིང་དང་། གློ་བ། ཁྲག་ལྟ་བུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པ་གསུངས་འདུག དེ་འབྲེལ་ཆོས་ཕུང་ ༨༤༠༠༠ ཡིག་སྒྱུར་གྱི་ལས་གཞིའི་ཞིབ་འཇུག་རྩོམ་སྒྲིག་པ་ Nathaniel Rich ལགས་ཀྱིས།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཞུང་ཆེན་འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པས་བྱ་རྒོད་ཕུང་པོའི་རིར་སྩལ་བའི་ཤེར་ཕྱིན་གྱི་ཆོས་ཀྱི་ཟིན་ཐོ་ཞིབ་ཚགས་ཤོས་དེ་ཡིན་པ་དང་།  […] The post བཀའ་འགྱུར་ནང་གི་མདོ་རིང་ཤོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དབྱིན་སྒྱུར་གནང་ཟིན་འདུག appeared first on vot.
-
6
བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་གནང་བཞིན་པ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཐོག་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡ་ཐེངས་བཅུ་པ་གནང་བཞིན་པ་དང་དེ་ནི་ཕྱི་ལོ་ ༢༠༡༩ རྗེས་སུ་གོ་སྒྲིག་ཞུས་ཐུབ་པ་ཞིག་ཆགས་ཀྱི་འདུག དེ་ཡང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༩ བར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་གོ་སྒྲིག་གནང་ཡོད་ཅིང་། སྦྱོང་བརྡར་དེའི་ཐོག་ཁྲིམས་ལུགས་རིག་པ་བ་དང་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་དོན་ལས་བྱེད་བཅས་ཚོགས་བཅར་བ་ཁྱོན་ ༣༠ ཙམ་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ཆེན་མོ་ལྷ་འབྲུག་ལགས་སུ་སྦྱོང་བརྡར་དེའི་དམིགས་ཡུལ་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་བོད་མི་དཀྱུས་མ་ས་གནས་སོ་སོ་ནས་སྤྱི་སྒེར་སུ་རུང་ལ་རྩོད་གཞི་གང་འདྲ་ཞིག་བྱུང་ཚེ། ཁྲིམས་ཞིབ་ཁང་འོག་མ་ནས་གོང་རིམ་ལ་ཁྲིམས་གཏུག་ཆེད་རོགས་རམ་བྱེད་ཐུབ་པའི་ཆེད་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅིང་། སྤྱིར་ཁྲིམས་ལུགས་ཀྱི་སློབ་སྦྱོང་ནི་ཉིན་གྲངས་བཅུའི་ནང་ཡོང་ཐུབ་རྒྱུ་ཞིག་མིན་ཡང་། སྦྱོང་བརྡར་འདིའི་ནང་ཁ་མཆུ་གཏུག་སྟངས་ཀྱི་འགྲོ་ལུགས་གང་ཡིན་པ་ཞིབ་ཕྲ་ཤེས་རྟོགས་སླད་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། ཁ་མཆུ་བྱུང་བའི་རྗེས་དཔང་རྟགས་ནི་དགོས་ངེས་ཅན་ཞིག་ཡིན་པར་དེའི་བརྒྱུད་རིམ་ཤེས་རྟོགས་སླད་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་གཉིས་ཀྱི་ཞིབ་ཕྲ་སློབ་ཁྲིད་གནང་གི་ཡོད་པ་དང་། དེ་བཞིན་ཁྲིམས་ཡིག་དེ་གཉིས་ཀ་འགྲོ་ལུགས་ཁྲིམས་ཡིག་ཡིན་པ་དང་། ཁ་མཆུ་བྱུང་བའི་རྗེས་འགྲོ་ལུགས་དེ་མེད་ཚེ་བྱེད་སྟངས་མི་ཤེས་པ་དང་ཐག་གཅོད་ཡང་བྱེད་མི་ཤེས་པའི་གནས་སྟངས་ཡོང་གི་ཡོད་སྟབས། གཉིས་ཀ་མཉམ་དུ་འགྲོ་དགོས་པ་མ་ཟད། དཔེ་མཚོན་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཡང་ལུང་འདྲེན་བྱ་དགོས་ཚེ་དེ་ལྟར་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་། ལྷག་པར་ཕྱི་ལོ་ ༢༠༡༩ ནས་ད་བར་ལོ་བདུན་རིང་དེ་འབྲེལ་སྦྱོང་བརྡར་གནང་མ་ཐུབ་པའི་གནས་སྟངས་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ཕྱི་ལོ་ ༢༠༡༩ ལོར་སྦྱོང་བརྡར་ཐེངས་དགུ་པ་ཚོགས་ཡོད་པ་དང་། ད་བར་ཚོགས་མ་ཐུབ་པའི་བརྒྱུད་རིམ་ནི། ཕྱི་ལོ་ ༢༠༢༠ ཡས་མས་སུ་བཀའ་འཁྲོལ་ཐོབ་པའི་འོག་ནས་དེ་འབྲེལ་ཟབ་སྦྱོང་གཉིས་གོ་སྒྲིག་ཞུ་གཏན་འཁེལ་ཡང་། སྐབས་དེར་སྤྱི་ཚོགས་ནང་ཤེས་གསལ་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དཀའ་ངལ་ཞིག་ཕྲད་དེ་ཁྲིམས་ཞིབ་པ་མེད་པའི་གནས་སྟངས་བྱུང་ཡོད་སྟབས། སྦྱོང་བརྡར་སྤྲོད་པ་ལ་ཁྲིམས་ཞིབ་ཁང་གི་དབང་ལྡན་མི་སྣ་མེད་ཚེ་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་དང་། ད་རེས་ཐེངས་བཅུ་པ་དེའང་ལོ་སྔོན་མའི་བཀའ་འཁྲོལ་གསར་པ་ཞུས་པའི་ཐོག་ནས་ཚོགས་པ་ཐུབ་ཡོད་པ་འགྲེལ་བརྗོད་གནང་སོང་། ད་དུང་སྦྱོང་བརྡར་དེའི་ནང་སྲི་ཞུ་ལས་བྱེད་ཡང་མཉམ་ཞུགས་གནང་ཡོད་སྟབས་ཁོང་རྣམ་པའི་ཁྲིམས་རྩོད་པའི་ཕྱག་ལས་གནང་ཆོག་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་བྱེ་བྲག་གང་ཡིན་པ་ཞིག་ལ་གནས་ཚུལ་ཞིག་བྱུང་ནས་ལས་ཁུངས་དེས་རེ་བ་བརྒྱབ་ཚེ། སྲི་ཞུ་བ་དེར་ཁྲིམས་རྩོད་པའི་སློབ་སྦྱོང་ཡོད་ཀྱང་ཁྲིམས་དེ་ལེན་དང་མ་ལེན་དོ་དག་རང་ཉིད་ལ་རག་ལུས་ཡོད་པ་འགྲེལ་བརྗོད་གནང་སོང་། ཁོང་གིས་ད་དུང་དེ་དང་འབྲེལ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མི་སྣ་མང་པོར་སྦྱོང་བརྡར་གནང་ཡོད་ཀྱང་ཁྲིམས་ཡིག་ལ་རྒྱུན་དུ་དོ་སྣང་མ་བྱས་པར་གློ་བུར་དུ་ཁྲིམས་རྩོད་པ་གནང་ཚེ་ནོར་འཁྲུལ་མང་པོ་བྱུང་གི་ཡོད་པར་བརྟེན། ཁྲིམས་ཡིག་དེ་དག་ལ་ཡང་ནས་ཡང་དུ་དོ་སྣང་བྱ་དགོས་གལ་ཡིན་པ་མ་ཟད། སྦྱོང་བརྡར་འདིའི་ནང་སྲི་ཞུ་ལས་བྱེད་གཉིས་དེ་སྔ་སྦྱོང་བརྡར་ཐོབ་ཚར་བ་དང་ད་རེས་བསྐྱར་སྦྱོང་ཆགས་ཀྱི་ཡོད་སྟབས་མགོ་ཚོད་རྒྱུ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུང་གིན་འདུག་ཅེས་འགྲེལ་བརྗོད་གནང་སོང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་དྲུང་ཆེན་མོས་ད་ལྟའི་བོད་པའི་སྤྱི་ཚོགས་ནང་ལ་ཁྲིམས་རྩོད་པའི་གནས་བབ་སྐོར་དང་འབྲེལ་ནས། དེ་སྔོན་ཁྲིམས་ལུགས་རིག་པ་ཐོན་མཁན་གང་ཞིག་བོད་པའི་སྤྱི་ཚོགས་ནང་ཁ་མཆུ་གཏུག་ནས་རོགས་པ་བྱེད་མཁན་མེད་པ་ལྟ་བུ་ཡིན་པ་དང་། ད་ལྟའི་དུས་སྐབས་སུ་དུས་ཚོད་འགྱུར་བའི་དབང་གིས་མང་དུ་འགྲོ་ཡི་ཡོད་པར་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། དེ་ནི་ངེས་པར་དུ་དགོས་ངེས་ཤིག་ཡིན་པ་མ་ཟད། ཁོང་རྣམ་པ་ཚོར་ཁྲིམས་ལུགས་རིག་པའི་རྒྱབ་ལྗོངས་ཡོད་པར་བརྟེན། བོད་པའི་སྤྱི་ཚོགས་ནང་གི་ཁྲིམས་ཡིག་དེ་དག་མགོ་ཚོད་རྒྱུ་ལས་སླ་པོ་ཡོད་པའི་ཁེ་ཕན་ཡོད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་འདི་ཚེས་ ༢༠ ཉིན་དབུ་འབྱེད་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག་བཅས་དབུ་བཞུགས་གནང་ཡོད་པ་དང་། སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་མི་མང་ཁྲོད་ཁྲིམས་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ཁྲིམས་ལུགས་རིག་པའི་རྒྱབ་ལྗོངས་ཡོད་མཁན་གང་མང་ལ་སྦྱོང་བརྡར་གོ་སྒྲིག་གནང་གི་ཡོད་པ་མ་ཟད། མཉམ་ཞུགས་གནང་མཁན་རྣམས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་དང་བོད་མིའི་སྒྲིག་འཛུགས་འདི་གཙིགས་ཆེར་འཛིན་དགོས་གལ་ཡིན་པ་གསུངས་ཡོད། […] The post བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་གནང་བཞིན་པ། appeared first on vot.
-
5
གོང་ས་མཆོག་གིས་ལ་དྭགས་གཞོན་ནུ་ཚོས་མྱོ་རྫས་ལོངས་སུ་སྤྱོད་རྒྱུ་འཛེམ་དགོས་པ་བཀའ་སྩལ་འདུག
ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་མང་མཇལ་སྐབས། ལ་དྭགས་གཞོན་ནུ་ཁག་གཅིག་གིས་གནད་དོན་འདྲ་མིན་སྐོར་བཀའ་འདྲི་ཞུས་ཡོད་པ་དང་། དེ་དག་ཁོངས་ནས་གཅིག་གིས་ཡུལ་དེའི་ནང་གི་གཞོན་སྐྱེས་ཁྲོད་མྱོ་རྫས་རྐྱེན་པས་དཀའ་ངལ་འཕྲད་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐོར་བཀའ་འདྲི་ཞུས་ཡོད་པ་རེད། དེ་འབྲེལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་ཕྱི་ཚེས་ ༢༠ ཉིན་དྲྭ་རྒྱའི་སྟེང་ཡིག་ཐོག་གསུང་འཕྲིན་ཞིག་སྩལ་ཡོད་པའི་ནང་།  ༸གང་ཉིད་མཆོག་གིས་མྱོ་རྫས་ལོངས་སུ་སྤྱོད་པའི་གནོད་སྐྱོན་གྱི་རང་བཞིན་དང་དེ་ནི་གོམས་གཤིས་ངན་པ་ཞིག་ཡིན་པ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད།  ནམ་ཞིག་མྱོ་རྫས་བེད་སྤྱོད་བྱེད་པའི་མཇུག་འབྲས་སྐོར་བསམ་གཞིག་བྱེད་ན།  དེས་སྡུག་བསྔལ་ཁོ་ན་ལས་ཡོང་གི་མེད་པ་མངོན་གསལ་ཡིན་སྐོར་བཀའ་སྩལ་འདུག་པ་དང་།  མྱོ་རྫས་ངན་གོམས་ལས་བཅོས་ཐབས་དང་དྲག་སྐྱེད་ཀྱི་ལམ་དུ་གནས་རྒྱུ་དེར་དངོས་ནས་ཀྱི་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་དགོས་པ་མཁྱེན་གྱི་ཡོད་སྐོར་དང་།  དཀའ་ངལ་དེ་དག་ལས་ཐར་བར་བྱེད་མཁན་གཞོན་སྐྱེས་ཡོངས་ལ་ཡིད་རངས་བསྔགས་བརྗོད་ཡོད་ཅེས།  ལ་དྭགས་གཞོན་ནུ་ཚོའི་ངོས་ནས་མྱོ་རྫས་ལོངས་སུ་སྤྱོད་རྒྱུར་འཛེམ་དགོས་པ་དང་།  ངན་གོམས་དེའི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པ་ཡོངས་ལ་མྱུར་དུ་བདེ་ཐང་དང་དོན་སྙིང་ལྡན་པའི་མི་ཚེ་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི་སྨོན་ལམ་འདེབས་ཀྱིན་ཡོད་པ་བཀའ་སྩལ་འདུག འདི་ག་རླུང་འཕྲིན་ཁང་གི་ལ་དྭགས་ས་གནས་གསར་འགོད་པས་ཡུལ་དེར་གནས་སྡོད་ལ་དྭགས་དང་བོད་མི་གཞོན་སྐྱེས་ཁག་གཅིག་ལ་༸གོང་ས་མཆོག་གི་གསུང་འཕྲིན་དེས་ཁོང་ཚོར་སེམས་འགུལ་ཇི་ལྟར་ཐེབས་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་རྣམས་ཀྱིས།  ༸གང་ཉིད་མཆོག་ལ་སྐུ་ངལ་ཧ་ཅང་ཡོད་ཀྱང་ལ་དྭགས་གཞོན་སྐྱེས་ཚོའི་དྲི་བར་བཀའ་ལན་འཛད་མེད་སྩལ་གྱི་ཡོད་པ་དེ་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་པ་དང་།  ཁ་ཉིན་ལ་དྭགས་ཁུལ་གྱི་གཞོན་སྐྱེས་ཚོར་མྱོ་རྫས་སོགས་དང་འབྲེལ་བའི་བཀའ་སློབ་དེ་དག་འཛམ་གླིང་གཞོན་སྐྱེས་ཚང་མར་ཁྱབ་ཀྱི་ཡོད་ལ།  མྱོ་རྫས་ཀྱིས་གང་ཟག་སོ་སོའི་འཕྲོད་བསྟེན་ལ་གནོད་པ་ཙམ་མིན་པར་ནང་མི་ཕན་ཚུན་འཆམ་མཐུན་མེད་པ་བཟོ་ཡི་ཡོད་པར་བརྟེན།  ལ་དྭགས་གཞོན་སྐྱེས་ཚོས་ངོས་ནས་མྱོ་རྫས་ལོངས་སྤྱོད་ནི་རང་གི་སྡུག་བསྔལ་སེལ་བའི་ཐབས་ལམ་ཞིག་གཏན་ནས་མིན་པ་ཤེས་དགོས་པ་གསུངས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཉིན་གསུང་འཕྲིན་སྩལ་བའི་ནང་གཞན་ཡང་ལ་དྭགས་གཞོན་ནུ་ཁག་གཅིག་གིས་སེམས་ཀྱི་ཞི་བདེ་ཇི་ལྟར་འཚོལ་དགོས་པ་མ་ཟད།  དངངས་འཚབ་དང་། ཁོང་ཁྲོ། སེམས་ངལ་སོགས་ཀྱི་ཉོན་མོངས་ལས་ཇི་ལྟར་རྒྱལ་དགོས་པའི་སྐོར་བཀའ་འདྲི་ཞུས་མཁན་བྱུང་སོང་ཞེས།  དེར་༸གང་ཉིད་མཆོག་གིས་བཀའ་ལན་དུ།  མི་ཚེ་ནང་གི་གཞི་རྩའི་དགོས་དོན་ནི་བདེ་བ་འཚོལ་རྒྱུ་དེ་ཡིན་དུས།  བདེ་བ་ངོ་མ་སྟེ་ཕྱིའི་རྒྱུ་ནོར་ལོངས་སྤྱོད་དང་དབང་ཆ་ནས་ཡོང་གི་མེད་པར་དེ་ནི་སེམས་ཀྱི་ཞི་བདེ་ནས་ཡོང་གི་ཡོད་པ་དང་།  དེ་ཡང་ང་ཚོས་སེམས་ལ་སྦྱོང་བརྡར་སྤྲད་དེ་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་ལས་བསྒྲུབ་ཐུབ་ཀྱི་ཡོད་པ་བཀའ་སྩལ་དང་འབྲེལ།  གང་ཟག་རང་གི་བདེ་བ་སྟེ་གཞན་ཕན་གྱི་སེམས་ལ་རག་ལས་ཀྱི་ཡོད་པ་དང་།  རང་གཅེས་འཛིན་གྱི་བློ་དེ་བཞིན་གཞན་གཅེས་འཛིན་གྱི་བློར་བསྒྱུར་ཐུབ་ན་སེམས་ངལ་མཐའ་དག་དེ་ལས་ཞི་བར་འགྱུར་ཐུབ་པ་མ་ཟད། རང་དོན་སྒྲུབ་པའི་ཐབས་ཤེས་ཡག་ཤོས་ཏེ་དེ་ཡིན་པ་བཀའ་སྩལ་འདུག མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་མི་ཚེ་དྲང་བདེན་དང་ཕྱི་གསལ་ནང་གསལ་ཐོག་སྐྱེལ་ཐུབ་པ་དེས་དངངས་སྐྲག་སོགས་ཉུང་དུ་གཏོང་ཐུབ་ལ།  སྤྱི་ཚོགས་ཁྲོད་གང་ཟག་གཞན་དང་འབྲེལ་བའང་ཡག་པོ་ཡོང་ངེས་ཡིན་པ་བཀའ་སྩལ་གྱིས།  ཕྱིའི་རྒྱ་རྐྱེན་ལས་སེམས་ཀྱི་ཞི་བདེ་བསྒྲུབ་ཐབས་མེད་པ་དང་།  ཤེས་ཡོན་དང་ཉམས་ལེན་བརྒྱུད་ནང་སེམས་ལ་སྦྱོང་བརྡར་སྤྲོད་དགོས་གལ་མ་ཟད།  ཞེ་སྡང་དང་། ཁྲོ་སེམས། ཕྲག་དོག་འཇོམས་བྱེད་དུ་བྱམས་སྙིང་རྗེ་དང་བཟོད་སྒོམ་སོགས་ཀྱི་བསམ་བློ་གོང་འཕེལ་གཏོང་དགོས་པ་བཀའ་སྩལ་འདུག སྤྱིར་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གཞོན་སྐྱེས་ཚོར་དམིགས་ཏེ་མྱོ་རྫས་ངན་གོམས་ཐོག་བཀའ་སློབ་སྩལ་ཡོད་པ་གང་ལྟར་ཡང་།  བཙན་བྱོལ་སྤྱི་ཚོགས་ཁྲོད་༸གང་ཉིད་མཆོག་གི་གསུང་འཕྲིན་དེ་སྤྱི་ཚོགས་དྲྭ་ལམ་སྟེང་བརྒྱུད་སྐུལ་དང་སྦྲགས།  བཀའ་སློབ་དེ་དག་བོད་མི་གཞོན་སྐྱེས་ཚོ་ལ་ཡང་ཁྱབ་ཀྱི་ཡོད་པ་དང་།  དེར་བོད་མི་གཞོན་ནུ་ཚོའི་ངོས་ནས་དོ་སྣང་གནང་དགོས་པ་གསུང་གི་འདུག རྩ་བའི་ལ་དྭགས་ཁུལ་དུ་མྱོ་རྫས་ཀྱི་ངན་གོམས་ཤོར་བའི་གཞོན་སྐྱེས་མང་དུ་འགྲོ་བཞིན་པའི་གནས་སྟངས་ལ་གཞིགས་ཏེ།  དེ་སྔ་ཡིན་ན་ཁུལ་དེར་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཆང་རག་གི་ཚོང་ཁང་ ༢ ལས་མེད་ཀྱང་།  ད་ཆ་ས་གནས་སྲིད་གཞུང་གིས་ཡུལ་དེར་མྱོ་རྫས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ལ་གདོང་ལེན་ཆེད་དུ།  ཆང་རག་ཚོང་ཁང་ ༢༠ སྒོ་ཕྱེ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་།  གནས་ཚུལ་དེར་ཁུལ་དེའི་ཚོགས་སྒེར་ཁག་གཅིག་གིས་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ།  མྱོ་རྫས་བེད་སྤྱོད་ཉུང་དུ་གཏོང་ཆེད་ཆང་རག་ཚོང་ཁང་མང་དུ་གཏོང་རྒྱུའི་ཐག་ཆོད་དེ་ནི་རྒྱུ་མཚན་རིག་པ་མེད་པ་ཞིག་དང་།  ཁག་གཅིག་གིས་དེ་ནི་ཚན་རིག་གི་ཐོག་ནས་ཀྱང་ཡོང་ཐབས་བྲལ་བ་ཞིག་ཡིན་པ་མ་ཟད།  གཞན་ལ་དྭགས་རང་སྐྱོང་དགོས་པར་འཐབ་རྩོད་བྱེད་མཁན་འགོ་ཁྲོད་ཚོས་ཐག་ཆོད་དེ་ནི་དབུས་གཞུང་གིས་ས་ཁུལ་དེའི་ཐོག་བཙན་བཀའ་བཏང་བ་ཞིག་ཡིན་པ་བརྗོད་ཡོད་པ་རེད།  The post གོང་ས་མཆོག་གིས་ལ་དྭགས་གཞོན་ནུ་ཚོས་མྱོ་རྫས་ལོངས་སུ་སྤྱོད་རྒྱུ་འཛེམ་དགོས་པ་བཀའ་སྩལ་འདུག appeared first on vot.
-
4
རྒྱལ་སྤྱིའི་ཁྲོད་ཨོ་ཌི་ཤ་ནང་པའི་གནས་འབུར་ཐོན་དང་རིག་གནས་སྲུང་སྐྱོབ་ཆེད་བོད་པའི་དགོན་པ་ཞིག་དང་ལྷན་དུ་གན་རྒྱ་བཞག་འདུག
ཨོ་ཌི་ཤ་མངའ་སྡེ་དེ་ཉིད་འཛམ་གླིང་ནང་གི་ནང་པའི་གནས་དང་འབྲེལ་བའི་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་འབུར་ཐོན་བཟོ་ཐབས་ལ་དམིགས་ནས་ལས་གཞི་སྣ་མང་སྤེལ་དང་སྤེལ་བཞིན་པའི་ཁྲོད་འདིར། ཉེ་ལམ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་དང་ཁུལ་དེར་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་བར་ནང་པའི་ཤུལ་བཞག་དང་གཅེས་ནོར་སྲུང་སྐྱོབ་ཚུད་པའི་ཡུལ་སྐོར་སྤྲོ་འཆམ་འཕེལ་རྒྱས་ཡོང་ཐབས་སུ་གཉིས་མོས་གན་ཡིག་ཐོག་མཚན་རྟགས་བསྐྱོན་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༥ ཉིན་ཨོ་ཌི་ཤའི་ Lok Seva Bhawan དུ་གན་ཡིག་བཞག་རྒྱུའི་མཛད་སྒོ་དེའི་ཐོག་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་ཀྱི་གཙོ་འཛིན་གཅིག་ལྕོགས་ Parvati Parida པཱར་ཝ་ཏི་པཱ་རི་ཌ་མཆོག་དང་། ཁུལ་དེའི་གཱ་ཇཱ་པ་ཏི་རྫོང་ནང་རྟེན་གཞི་བྱས་པའི་ Padmasambhava Mahavihara རམ་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་དབུ་འཛིན་༸སྐྱབས་རྗེ་དགེ་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག དེ་བཞིན་མངའ་སྡེའི་སྐད་ཡིག་དང་རྩོམ་རིག རིག་གཞུང་། རྩེད་རིགས། གཞོན་སྐྱེས་ཞབས་ཞུ། མཐོ་རིམ་སློབ་གྲྭ་བཅས་ཀྱི་བློན་ཆེན་ Suryabanshi Suraj སུརྱ་ཝན་ཤི་སུ་རཇ་མཆོག མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ Anu Garg ཨ་ནུ་གརྒ་ལགས་བཅས་དབུ་བཞུགས་ཀྱི་ཐོག་ནས་མཉམ་འབྲེལ་གན་ཡིག་ཐོག་མཚན་རྟགས་བསྐྱོན་འདུག ལས་གཞི་དེ་ནི་མངའ་སྡེ་གཞུང་གིས་ཁུལ་དེའི་ Jajpur ཇཱཇ་པུར་རྫོང་ནང་ཡོད་པའི་ནང་པའི་གནས་རཏྣ་གི་རི་ Ratnagiri དང་ཨུ་དྷེ་གི་རི་ Udayagiri ལ་ལིཏ་གི་རི་ Lalitgiri བཅས་དང་། བོད་མིའི་གནས་སྡོད་ཕུན་ཚོགས་གླིང་གཞིས་ཆགས་དང་དགོན་སྡེ་ཁག་བཅས་སུ་ཡུལ་སྐོར་སྤྲོ་འཆམ་མྱུར་ཚད་མཐོ་བོའི་ཐོག་ནས་འཕེལ་རྒྱས་འགྲོ་རྒྱུ་ཙམ་མ་ཟད། ནང་པའི་ཤུལ་བཞག་སྲུང་སྐྱོབ་བཅས་ལ་དམིགས་པ་ཞིག་ཆགས་ཀྱི་འདུག མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པས་ནང་པའི་ཤུལ་བཞག་གི་རིག་གནས་དེ་དག་མངའ་སྡེའི་རིག་གཞུང་དང་འབྲེལ་བའི་གཅེས་ནོར་གལ་ཆེན་ཞིག་ཡིན་པ་དང་། དེར་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་ཀྱི་ནུས་པ་ཆེན་པོ་ཡོད་ཅེས་བརྗོད་འདུག དེ་བཞིན་མཉམ་འབྲེལ་གྱི་གན་ཡིག་དེའི་བརྒྱུད་ནས་འཛམ་གླིང་ཡུལ་གྲུ་གང་ནས་ཕེབས་མཁན་རྣམས་ལ་ཆོས་ཕྱོགས་ཀྱི་མྱོང་བ་ཚད་ལྡན་བསྐྲུན་ཐབས་དང་ཆབས་ཅིག མངའ་སྡེ་གཞུང་གི་ངོས་ནས་ནང་པའི་རིག་གནས་དེ་དག་སྲུང་སྐྱོབ་ལ་ཆོད་སེམས་བརྟན་པོ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག རྩ་བའི་ལས་གཞི་དེའི་ནང་མངའ་སྡེ་གཞུང་དང་དགོན་པ་ཟུང་སྦྲེལ་གྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ལྟ་སྐོར་བ་རྣམས་ལ་སྒོམ་སྒྲུབ་དང་ཟབ་སྦྱོང་། ཆོས་ཕྱོགས་ཀྱི་སློབ་སྦྱོང་དང་གནས་མཇལ་གྱི་བྱེད་སྒོ་སོགས་ཚུད་པའི་ཆོས་ཕྱོགས་དང་ནང་སེམས་ཀྱི་མྱོང་བ་བཅས་ལ་དམིགས་ནས་ཡུལ་སྐོར་སྤྲོ་འཆམ་པའི་ལས་གཞི་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་རྒྱལ་སྤྱིའི་ཚོགས་འདུ་དང་ཟུང་སྦྲེལ་གྱི་ཉམས་ཞིབ། སློབ་གྲྭ་ཕན་ཚུན་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་བཅས་ཀྱི་བརྒྱུད་ནས་ནང་པའི་རིག་གཞུང་དར་འཕེལ་གཏོང་རྒྱུ་སོགས་ཀྱི་ལས་གཞི་ཡོད་པ་རེད་འདུག དེ་བཞིན་མངའ་སྡེའི་རིག་གཞུང་བློན་ཆེན་མཆོག་གིས། མངའ་སྡེ་ནང་ཡོད་པའི་ནང་པའི་རིག་གཞུང་དེ་དག་ནི་ཐུན་མོང་མིན་པའི་ལོ་རྒྱུས་དང་ལྟ་གྲུབ་ཟུང་ལྡན་གྱི་ཁྱད་ཆོས་ཞིག་མཚོན་གྱི་ཡོད་པ་སོགས་བརྗོད་འདུག རྒྱ་གར་གཞུང་གི་ངོས་ནས་ད་ལྟའི་ཆར་ཨོ་ཌི་ཤ་ནང་ཡོད་པའི་ Diamond Triangle འམ་རྡོ་རྗེ་གྲུ་གསུམ་དུ་གྲགས་པའི་ནང་པའི་གནས་གསུམ་སྟེ། Ratnagiri རཏྣ་གི་རི་དང་། […] The post རྒྱལ་སྤྱིའི་ཁྲོད་ཨོ་ཌི་ཤ་ནང་པའི་གནས་འབུར་ཐོན་དང་རིག་གནས་སྲུང་སྐྱོབ་ཆེད་བོད་པའི་དགོན་པ་ཞིག་དང་ལྷན་དུ་གན་རྒྱ་བཞག་འདུག appeared first on vot.
-
3
དཔའ་བོ་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གི་ཁྲིམས་གསར་པར་ངོས་ལེན་མེད་པའི་ལས་འགུལ།
ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་ཕུལ་བ་དང་བསྟུན། ནིའུ་ཡོག་གཙོས་པའི་ཁེ་ན་ཌ་དང་རྒྱ་གར། ཡོ་རོབ་སོགས་ཀྱི་ནང་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་དང་སྤེལ་མུས་ཁྲོད། ཁ་སང་ཕྱི་ཚེས་ ༡༥ དེ་བཞིན་དམ་པ་དེ་ཉིད་ཀྱི་བདུན་ཚིགས་གཉིས་པ་འཁེལ་གྱི་ཡོད་སྟབས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་དང་། རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་སོགས་སུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་རྒྱ་ཆེ་སྤེལ་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཐའེ་ཝན་ནང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། བོད་རིགས་ཚོགས་པ། དེ་བཞིན་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྣེ་ཁྲིད་འོག་ཁུལ་དེའི་ Liberty Square ཞེས་པའི་ས་ཚིགས་སུ་དགོང་མོ་ཕྱག་ཚོད་ ༧།༣༠ ཙམ་ལ་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་སྤུལ་ཁག་དང་། བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་མང་ཚོགས་ ༣༠༠ ཙམ་འདུ་འཛོམས་ཐོག་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཆེད་མྱ་ངན་གུས་འདུད་དང་། འདི་ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོས་ལེན་རྩ་བ་ནས་མེད་པའི་ལས་འགུལ་སྤེལ་འདུག་ཅིང་། དེ་འབྲེལ་ལས་འགུལ་ཁོངས་མཉམ་ཞུགས་གནང་མཁན་ཐའེ་ཝན་མི་སེར་ Tess Cheng ལགས་ཀྱིས་ཐེ་ཝན་དང་བོད། ཧོང་ཀོང་། ཤིན་ཅང་བཅས་ནི་རྒྱ་ནག་གི་ཡུན་རིང་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་གནས་བཞིན་ཡོད་པ་དང་། སྤྱིར་རྒྱལ་གཅེས་པ་ཁོང་གིས་སྐུ་ལུས་མེར་བསྲེགས་བཏང་གནང་བའི་དོན་རྐྱེན་དེ་བཞིན་ཕྱི་རྒྱལ་དུ་བྱུང་ཡོད་ཀྱང་། དེ་ནི་ང་ཚོའི་དཀའ་ངལ་དང་གཅིག་འགྱུར་ཆགས་ཀྱི་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད། དེ་བཞིན་དཔའ་བོོ་བློ་དགའ་རང་བཙན་ལགས་སུ་མྱ་ངན་མཚོན་ཆེད་ SFT-Itanagar ཞེས་ཨི་ཊ་ན་གྷར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་སྟེ་འདི་ཚེས་ ༡༣ ཉིན་ཁུལ་དེའི་ཐུབ་བསྟན་དགའ་ཚལ་གླིང་དགོན་པར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་འདུག་པ་དང་། འདུ་འཛོམས་དེའི་ཚོགས་པས་ངོས་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཁས་ལེན་བསྐྱར་ནན་དང་ཆབས་ཅིག བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ཅིང་། ལས་འགུལ་དེའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་བོད་ཀྱི་གནད་དོན་ཞི་བདེ་དང་དྲང་བདེན། མཐུན་སྒྲིལ་གྱི་ཐོག་ནས་ཐག་གཅོད་གནང་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་གནང་འདུག མ་ཟད་རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་དུའང་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷར་བཅས་ཀྱི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་། བུད་མེད་ལྷན་ཚོགས། དེ་བཞིན་མའེ་སོར་བཅའ་བཞུགས་བོད་རིགས་སློབ་ཕྲུག་མཐུན་ཚོགས་ནས་གོ་སྒྲིག་འོག་རྔམ་སྟོན་ལས་འགུལ་གནང་འདུག་པ་དང་། གཞན་ཡང་བསྟན་འཛིན་སྒང་དང་། Italy རྒྱལ་ས་ Rome སོགས་ནང་དུ་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད། ཕྱོགས་མཚུངས་དམ་པ་ཁོང་གི་བདུན་ཚིགས་གཉིས་པ་དང་བསྟུན་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བཞུགས་སྒར་རྡ་སའི་ཐང་ཁྲོམ་ཚོགས་པས་མཆོད་འབུལ་སྨོན་གོ་སྒྲིག་གནང་ཡོད་པ་དང་། འདི་ཚེས་ […] The post དཔའ་བོ་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གི་ཁྲིམས་གསར་པར་ངོས་ལེན་མེད་པའི་ལས་འགུལ། appeared first on vot.
-
2
ཨོ་གླིང་དུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་པར་རིས་ཕྱག་དེབ་ཅིག་དབུ་འབྱེད་གནང་འདུག
ཨོ་གླིང་དུ་རྟེན་གཞི་བྱས་པའི་ Rev. Bill Crews ཐེབས་རྩ་ཁང་དུ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་ཁུལ་དུ་ཆིབས་བསྒྱུར་རིམ་པ་བསྐྱངས་པའི་པར་རིས་ཕྱག་དེབ་ ‘Ocean of Wisdom Over Southern Skies’ ཞེས་པ་ཞིག་དབུ་འབྱེད་གནང་འདུག འདི་གའི་གསར་འགོད་པས་གནས་ཚུལ་དེའི་སྐོར་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས།  པར་རིས་ཕྱག་དེབ་དེ་ཉིད་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁངས་ཀྱི་རྐང་འགན་བཞེས་པའི་འོག་ Rev. Bill Crews ཐེབས་རྩ་དང་ལྷན་དུ་ཉམ་འབྲེལ་གྱིས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ལས་རིམ་གྱི་ཆ་ཤས་སུ་པར་བསྐྲུན་གནང་བ་ཞིག་ཡིན་པ་དང་།  ཕྱག་དེབ་དེའི་ནང་གཙོ་བོ་༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༡༩༨༢ ནས་ ༢༠༡༥ བར་ཨོསྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་ཁུལ་དུ་ཆིབས་བསྒྱུར་གྱིས་ཡུལ་དེ་གཉིས་ཀྱི་སྲིད་བློན་གཙོས་པའི་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་བསྐྱངས་པའི་སྐབས་ཀྱི་པར་རིས་ཁག་འཁོད་ཡོད་པ་གསུངས་སོང་ལ།   ཕྱག་དེབ་དེ་ཉིད་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་ཏེ་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨོ་གླིང་དུ་རྟེན་གཞི་བྱས་པའི་ Rev. Bill Crews ཐེབས་རྩ་ཁང་དུ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དབུས་པའི་༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་པའི་ཡེ་ཤུའི་ཆོས་དཔོན་ Bill Crews  དེ་བཞིན་ཁུལ་དེར་གནས་སྡོད་གནང་མཁན་ཡུན་རིང་ནས་བོད་དོན་ཐད་རྒྱབ་སྐྱོར་བ་ཁག་གཅིག་བཅས་འདུ་འཛོམས་ཐོག་འཚོགས་ཡོད་པ་གསུངས་སོང་།  ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ ༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་མཆོག་གིས་༸རྒྱལ་བའི་མཛད་འཕྲིན་སྐོར་དང་འབྲེལ་དམིགས་བསལ་གྱིས་༸གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། དེ་བཞིན་དུས་རྒྱུན་སྐུ་མདུན་གྱི་བྱམས་སྙིང་རྗེ་སྐོར་གྱི་བཀའ་སློབ་བཅས་ལུང་འདྲེན་གྱིས་གསུང་བཤད་གནང་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ཐོག་སྔ་རྗེས་རྒྱབ་སྐྱོར་གནང་མཁན་ཨོསྟྲེ་ལི་ཡའི་གཞུང་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག་པ་མ་ཟད། སྐབས་དེར་གདན་ཞུས་སྐུ་མགྲོན་གཞན་ཁག་གཅིག་གིས་དེ་སྔ་སྐུ་མདུན་ཁུལ་དེར་ཆིབས་བསྒྱུར་ཁྲོད་ཀྱི་མཇལ་འཕྲད་སྐོར་དང་འབྲེལ་རང་སོ་སོའི་མྱོང་ཚོར་གསུངས་ཡོད་པ་དང་། ལྷག་པར་དུ་ཁོང་རྣམས་ནས་༸གོང་ས་མཆོག་དེ་སྔ་ཁུལ་དེར་ཆིབས་བསྒྱུར་རིམ་པ་བསྐྱངས་པ་དེ་དག་གིས་ཁོང་ཚོའི་མི་མང་ཁྲོད་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་བསམ་བློ་གོང་མཐོར་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་འདུག དེ་བཞིན་ཁོང་རྣམས་ནས་༸གང་ཉིད་མཆོག་ལ་ཆིབས་བསྒྱུར་ཁྲོད་ཞབས་ཞུ་ཕྲན་བུ་བསྒྲུབས་ཐུབ་པ་དེ་དག་ཁོང་རྣམས་ཀྱི་མི་ཚེ་ནང་གོ་སྐབས་རྩ་ཆེན་པོར་རྩིས་ཀྱི་ཡོད་ལ་སྤོབས་པའང་ཡོད་པ་གསུངས་འདུག་པ་མ་ཟད། ༸གོང་ས་མཆོག་གི་བཀའ་དགོངས་གང་ཐུབ་ལག་ལེན་ཐུབ་པ་གནང་རྒྱུ་དང་སྤྱི་ཚོགས་ཁྲོད་དེ་དག་གོང་འཕེལ་ཐུབ་པར་གང་ཐུབ་འབད་བརྩོན་གནང་གི་ཡིན་བཅས་གསུངས་འདུག རྩ་བའི་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨོ་གླིང་དུ་འཚོགས་པའི་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་པར་རིས་ཕྱག་དེབ་ཀྱི་མཛད་སྒོའི་ཐོག་ཨོསྟྲེ་ལི་ཡ་ཨེ་ཤི་ཡའི་སྤྱི་འཐུས་སྐལ་བཟང་ཚེ་རིང་ལགས་ནས་ཀྱང་མཉམ་ཞུགས་ཀྱིས་༸རྒྱལ་བའི་སྐུ་ཚེའི་མཛད་འཕྲིན་སྐོར་དང་༸གང་ཉིད་མཆོག་གིས་འཚེ་མེད་ཞི་བ་དང་གྲོས་མོལ་ཐད་ཀྱི་ཆེད་སེམས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པའི་སྐོར་དང་དེས་བོད་ཐོག་སྤྱི་ཡོངས་ནས་ཤུགས་རྐྱེན་ཇི་ཡོད་སྐོར་བཅས་གསུངས་འདུག མཛད་སྒོའི་ཐོག་གཞན་ཡང་བོད་པའི་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་གཙོས་པའི་སིཌ་ནི་གཟའ་མཇུག་སློབ་གྲྭའི་བོད་ཕྲུག་རྣམས་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཡང་ཞུས་ཡོད་པ་རེད་འདུག The post ཨོ་གླིང་དུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་པར་རིས་ཕྱག་དེབ་ཅིག་དབུ་འབྱེད་གནང་འདུག appeared first on vot.
-
1
རྒྱ་གར་ཀར་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་༸རྒྱལ་བའི་མཛད་འཕྲིན་དང་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད།
ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན།  རྒྱ་གར་ལྷོ་ཕྱོགས་བྷང་ལོར་ས་གནས་སུ་ལྷོ་སྤྱི་དང་སྒོ་མང་མཁན་རིན་པོ་ཆེ་གཉིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ནས་ཀར་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱིས།  ༸རྒྱལ་བའི་མཛད་འཕྲིན་དང་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག་པ་མ་ཟད།  ཁུལ་དེར་རྟེན་གཞི་བྱས་པའི་མཐོ་སློབ་ཁག་གཅིག་གི་ནང་དེ་འབྲེལ་གཏམ་བཤད་ཀྱི་ལས་རིམ་དང་བོད་ཀྱི་རིག་གཞུང་མཚོན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་སོགས་ཀྱི་བརྒྱུད་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་འདུག དེ་ཡང་འདི་ག་གསར་ཁང་ལ་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་གཞིར་བཟུང་ལྟར་ན།  ཉེ་ལམ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་ལགས་གཙོ་བོར་གྱུར་བའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ནས་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Thawar Chand Gehlot མཆོག་དང་མཇལ་འཕྲད་ཀྱིས།  ༸རྒྱལ་བའི་མཛད་འཕྲིན་དང་། ༸གང་ཉིད་མཆོག་གི་རླབས་ཆེན་གྱི་དགོངས་གཞི། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ།  དེ་བཞིན་རྒྱ་གར་གཞུང་དང་ལྷག་དོན་དུ་ཀར་ནཱ་ཊ་ཀ་མངའ་སྡེ་ནས་ད་བར་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་བར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ།  སྐབས་དེར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ཀྱང་༸རྒྱལ་བའི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ་སྙན་སེང་ཞུས་པའི་གནད་དོན་ཁག་གི་ཐད་ཐུགས་སྣང་ཆེན་པོས་བཀའ་མོལ་གནང་ཡོད་པ་རེད་འདུག  མ་ཟད་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ལྷོ་སྤྱི་ལས་ཁུངས་དང བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གཉིས་ཀྱིས་ཟུང་སྦྲེལ་ཐོག་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ནང་དུ་ཟླ་འདིའི་ཕྱི་ཚེས་ ༨ ནས་བཟུང་ཉིན་གྲངས་གསུམ་ཙམ་གྱི་རིང་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩིའི་ཆ་ཤས་སུ་གོ་སྒྲིག་ཞུས་པའི་ལས་རིམ་ཁོངས་སུ་གཞན་ཡང་།  ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་གྱི་མཐོ་སློབ་ Jyoti Nivas College དང་། Mount Carmel College, St. Joseph’s University, Surana College, V.E.T First Grade College བཅས་སུ་སྒོ་མང་མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་ལགས་དང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་གཉིས་ནས་༸རྒྱལ་བའི་ཐུགས་སྐྱེད་དམ་བཅའ་བཞིའི་སྐོར་གཙོས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་དང་།  ལྷག་པར་དུ་ཉེ་ལམ་རྒྱ་ནག་གིས་བཙན་དབང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པའི་སྐོར་དང་།  རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་སོགས་བོད་ཕྱི་ནང་གཉིས་སུ་དབར་བོད་མི་ ༡༧༠ ཙམ་གྱིས་རྒྱ་ནག་ལ་ངོ་རྒོལ་མཚོན་བྱེད་དུ་རང་ལུས་མེར་བསྲེགས་བཏང་བ་བཅས་བོད་ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་།  དེ་འབྲེལ་དྲི་བ་དྲི་ལན་གནང་ཡོད་པ་མ་ཟད།  ཀ་ལོན་སྦུག་ནས་ཆེད་མངགས་ཕེབས་པའི་གངས་ལྗོངས་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་མཚོན་པའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཡང་ཞུས་ཡོད་པ་རེད་འདུག དེའི་སྐོར་འདི་གའི་གསར་འགོད་པས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་སུ་བཀའ་འདྲི་ཞུས་ཡོད།  The post རྒྱ་གར་ཀར་ནཱ་ཊ་ཀ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་༸རྒྱལ་བའི་མཛད་འཕྲིན་དང་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། appeared first on vot.
-
0
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོའི་བདེ་དོན་གླེང་བའི་གཏམ་ཞེས་པའི་དབྱིན་སྒྱུར་ཕྱག་དེབ་དབུ་འབྱེད།
དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་ལོ་ ༡༡ འཁོར་བའི་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ No Tongue in Their Mouths: Allegations of Assault in Tenzin Delek Rinpoche’s Death ཞེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་ཁོང་གི་ཚ་མོ་གྲོང་རྟ་ཚང་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་གནང་བའི་བདེ་དོན་གླེང་བའི་གཏམ་ཞེས་པའི་ཕྱག་དེབ་དབྱིན་སྒྱུར་ཞུས་པ་དེ་དབུ་འབྱེད་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡།༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་མཐུན་འགྱུར་འོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གདན་ཞུས་ཐོག་ནས་དབྱིན་སྒྱུར་ ཕྱག་དེབ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་། ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་དེ་རིང་ཉི་མ་ལྷ་མོ་ལགས་ཀྱིས་དབྱིན་སྒྱུར་ཕྱག་དེབ་དེ་དབུ་འབྱེད་དང་འབྲེལ་ནས་གསུང་བཤད་གནང་བའི་ཁྲོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སྐུ་ཚའི་ལོ་རྒྱུས་ཀྱི་གནད་འགག་ཅན་གྱི་གནད་དོན་རྣམས་གསལ་སྟོན་དང་སྦྲགས། ཁོང་ནི་བོད་ནང་གི་བོད་མི་ཚོའི་མནར་གཅོད་ཇི་ཙམ་མྱངས་ཡོད་མིིན་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཆེད་དུ་བློས་གཏོང་ཇི་ཙམ་གནང་ཡོད་མིན་གྱི་བདེན་དཔང་ར་སྤྲོད་གནང་མཁན་ཞིག་ཡིན་པ་ལྟར་ཁོང་ནི་སྙིང་སྟོབས་ཀྱི་དཔའ་བོ་ཞིག་ཡིན་པ་དང་། ང་ཚོས་ཁོང་གི་སྙིང་སྟོབས་དཔེར་བླངས་ཏེ་དོན་མེད་ཀྱི་ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་ཀྱི་གནད་དོན་ལ་མགོ་འཁོར་ནས་བསྡད་རྒྱུ་མེད་པར་བོད་མི་རིགས་དང་བོད་ཀྱི་རྩ་དོན་ཆེད་དུ་ཞབས་འདེགས་སྒྲུབ་ཕྱོགས་ཐད་བསམ་བློ་གཏོང་དགོས་གལ་ཡིན་པ་གསུངས་སོང་།   ཁོང་གིས་ད་དུང་དེང་སྐབས་འཛམ་གླིང་གང་སར་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ཤུགས་ཆེ་འགྲོ་བཞིན་པའི་དུས་སྐབས་འདིར། ང་ཚོས་འདི་ལྟ་བུའི་བདེན་དཔང་ར་སྤྲོད་ཀྱི་ཕྱག་དེབ་དེ་དག་གང་མང་འགྲེམས་སྤེལ་གནང་དགོས་པའི་སྐུལ་མ་གནང་སོང་། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། ཕྱག་དེབ་འདི་པར་བསྐྲུན་ཞུས་པའི་དགོས་པ་དང་གནད་འགག་སྐོར་ལ་གཏམ་བཤད་སྤེལ་བའི་ཁྲོད། ཉི་མ་ལྷ་མོ་ལགས་ནི་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་སྡུག་རྩུབ་ཇི་ཙམ་གཏོང་གི་ཡོད་མིན་གྱི་དཔང་པོ་གལ་ཆེ་ཞིག་ཡིན་པ་དང་འབྲེལ་ནས་ཁོང་གི་བརྩམས་གནང་བའི་ཕྱག་དེབ་དེ་བདན་དཔང་ར་སྤྲོད་ཀྱི་ཐད་ནས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལྟེ་གནས་ཁང་གི་ངོས་ནས་བོད་པའི་མི་རབས་གཞོན་པ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་མིའི་དཀའ་སྡུག་དང་བློས་གཏོང་གི་སྐོར་ལ་གོ་རྟོགས་མང་ཙམ་འཕེལ་རྒྱུར་དམིགས་ཏེ་ད་རེས་ཕྱག་དེབ་དེ་པར་བསྐྲུན་ཞུས་ཡོད་པ་གསུངས་སོང་། སྐབས་དེར་མཛད་སྒོའི་ཐོག་ཕེབས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དང་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས། ཁོང་ཐོག་མར་བོད་ནས་རྒྱ་གར་ལ་ཕེབས་པའི་སྐབས་སུ་རང་གི་བླ་མ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་དུ་བོད་ཀྱི་རྩ་དོན་ཆེད་དུ་ཕྱག་ལས་གནང་དགོས་པ་དང་། ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་གྱི་ལས་དོན་རིགས་སྤེལ་རྒྱུ་མེད་པའི་ཞལ་ཆེམས་སློབ་གསོ་བསྐྱོན་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་བཀའ་སློབ་རིམ་པ་ཕེབས་ཡོད་པ་ལུང་འདྲེན་དང་སྦྲགས། བོད་མི་ཚང་མས་ཡིད་གཟབ་གནང་དགོས་པའི་སྐུལ་མ་གནང་བ་མ་ཟད། དེ་རིང་གི་མཛད་སྒོའི་ཐོག་བོད་ནང་གི་བོད་མི་ཁག་གཅིག་གིས་དྲྭ་ལམ་བརྒྱུད་བརྡ་ལན་གནང་བ་སྒྲོག་སྦྱང་གནང་སོང་བའི་ནང་དུ། བོད་ནང་གི་བོད་མི་རྣམས་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་རྒྱུའི་རང་དབང་མེད་པ་དང་། ལྷག་པར་དུ་སྨྲ་བརྗོད་རང་དབང་རིགས་རྩ་བ་ནས་མེད་པ་དང་། རྒྱ་གཞུང་གིས་མཐའ་ན་བོད་ཀྱི་ས་ཁུལ་གྱི་མིང་ཡང་བརྗེ་པོ་རྒྱག་སྟེ་ངོ་མ་ཤེས་པ་བཟོ་བཞིན་པའི་ཛ་དྲག་གནས་སྟངས་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་མི་རྣམས་ཀྱི་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་སྤེལ་རྒྱུའི་རེ་བ་བློ་གཏད་བཅོལ་བཞིན་ཡོད་པ་དྲན་སྐུལ་གྱིས། བཙན་བྱོལ་བོད་མི་རྣམས་ནས་བོད་པའི་འདུ་ཤེས་ཤེས་པའི་ཐོག་ནས་ཤུགས་རྒྱག་དགོས་པའི་སྐུལ་འདེབས་ཞུས་གནང་འདུག དེ་བཞིན་དེ་རིང་གི་མཛད་སྒོའི་ཐོག་ཧི་མཱ་ལ་ཡའི་ཆོས་རིག་ཉམས་ཞིབ་པ་དང་དགེ་རྒན་རྡོ་རྗེ་རིན་ཆེན་ལགས་ཀྱང་ཆེད་ཕེབས་གནང་ཡོད་པ་ལྟར། ཁོང་ནས་སྤྲུལ་སྐུ་བསྟན་འཛིན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་སྤེལ་བའི་ཕྱག་དེབ་རིམ་པའི་སྐོར་དང་དེ་དག་གི་གལ་གནད་སྐོར་གསུངས་བཤད་ནན་པོ་གནང་སོང་། The post སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོའི་བདེ་དོན་གླེང་བའི་གཏམ་ཞེས་པའི་དབྱིན་སྒྱུར་ཕྱག་དེབ་དབུ་འབྱེད། appeared first on vot.
-
-1
རྒྱལ་ཚོགས་ཀྱི་མདུན་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་དྲན་རྟེན་འདྲ་སྐུ་བཞེངས་རྒྱུའི་ལས་འགུལ་སྤེལ་བཞིན་པ།
དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་ཕུལ་བ་དང་བསྟུན། ནིའུ་ཡོག་གཙོས་པའི་ཁེ་ན་ཌ་དང་རྒྱ་གར། ཡོ་རོབ་སོགས་ཀྱི་ནང་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་དང་སྤེལ་མུས་ཁྲོད། ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཁུར་འོག་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དཔའ་བོ་དམ་པ་བློ་དགའ་རང་བཙན་ལགས་དང་འབྲེལ་བའི་དྲན་རྟེན་གྱི་འདྲ་སྐུ་ཞིག་བཞེངས་རྒྱུའི་ལས་འགུལ་སྤེལ་མུས་ཡིན་པ་རེད་འདུག དྲན་རྟེན་གྱི་འདྲ་སྐུ་དང་འབྲེལ་བའི་ལས་འགུལ་ནང་ actionnetwork.org ཞེས་པའི་དྲྭ་གནས་ཐོག་མཚན་རྟགས་བསྡུ་རུབ་གནང་བཞིན་འདུག་པས་ད་བར་མི་གྲངས་ ༡༠༥༧༩ ཡི་མཚན་རྟགས་བཀོད་འདུག་པ་དང་། འཆར་གཞི་ལ་གཞིགས་ན་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་འདྲ་སྐུ་ཞིག་བཞེངས་རྒྱུ་དང་བོད་ཀྱི་རྒྱལ་དར་ཞིག་སྒྲེང་འཛུགས་གནང་རྒྱུ་ཡིན་པ་མ་ཟད། དཔའ་བོ་དམ་པ་ཁོང་གི་མཐའ་མའི་ཞལ་ཆེམས་དེ་བཞིན་ཚིག་ཐོ་ཐོག་བཀོད་རྒྱུ་ཡིན་པ་རེད་འདུག གནས་ཚུལ་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་ལ་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་བློ་བཟང་ཚེ་རིང་ལགས་ཀྱིས་བརྗོད་དོན་ལྟར་ན། རེས་གཟའ་ཕུར་བུའམ་བདུན་ཚིགས་རེ་ལ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཀྱང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་སྒེར་སོ་སོ་ནས་ཆོས་ཕྱོགས་ཀྱི་ལས་འགུལ་སོགས་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། དཔའ་བོ་དམ་པ་བློ་དགའ་རང་བཙན་ལགས་དང་འབྲེལ་བའི་དྲན་རྟེན་གྱི་འདྲ་སྐུ་ཞིག་བཞེངས་རྒྱུའི་འཆར་གཞི་ཡོད་པ་དང་དེའི་ལས་འགུལ་སྤེལ་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། ཕྱོགས་མཚུངས་དཔའ་བོ་བློ་དགའ་རང་བཙན་ལགས་དང་འབྲེལ་བའི་འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་མུས་ཁྲོད། དེ་རིང་རྒྱ་གར་ཀོལ་ཀ་ཊ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གཅིག་མཉམ་སྦྲེལ་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་པ་དང་། ཡོ་རོབ་དང་ཁེ་ན་ཌ་གཙོས་པའི་ས་ཕྱོགས་གང་སར་དཔའ་བོ་དམ་པ་ཁོང་དང་འབྲེལ་བའི་མཆོས་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་སོགས་ཀྱི་བརྒྱུད་ནས་ཁོང་ཉིད་རྗེས་དྲན་གནང་བཞིན་པ་རེད་འདུག སྤྱིར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་མདུན་དུ་རང་ལུས་མེར་བསྲེགས་བརྒྱུད་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་བཏང་གི་ལས་འགུལ་དེ་བཞིན་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ནས་ཉིན་གཅིག་གི་རྗེས་སུ་སྤེལ་བ་ཞིག་ཆགས་ཡོད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བློས་བཏང་ལ་མྱ་ངན་གུས་འདུད་དང་འབྲེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེའི་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་དུ་གཏོང་རྒྱུའི་ཉེན་ཁ་ཡོད་པ་འགྲེལ་བརྗོད་ཀྱིས། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་བརྒྱུད་ནས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུགས་ཀྱི་ལས་འགུལ་དབུ་འཛུགས་གནང་འདུག དེིའི་ཁྲོད་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་ངོ་དེབ་བརྒྱུད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Volker Turk ལགས་ཀྱིས་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་རྒྱ་ནག་གིས་བཙན་དབང་ཐོག་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྐོར་ཚིག་གཅིག་ཀྱང་བཤད་མེད་པ་ནན་བརྗོད་དང་སྦྲགས། བོད་རིགས་གཙོ་བོར་འགྱུར་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། ད་བར་མི་གྲངས་ ༡༦༦༠ ཡི་མཚན་རྟགས་བཀོད་ཟིན་པ་རེད་འདུག The post རྒྱལ་ཚོགས་ཀྱི་མདུན་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་དྲན་རྟེན་འདྲ་སྐུ་བཞེངས་རྒྱུའི་ལས་འགུལ་སྤེལ་བཞིན་པ། appeared first on vot.
-
-2
སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཁྲོད་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་ཡིན་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད།   ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་གང་དང་གང་ཡིན་རུང་མ་འོངས་ཕུགས་རྒྱང་རིང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་འོག་ནས་སྤེལ་དགོས་པ་དང་།  ལ་དྭགས་གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཆ་ཚང་ཚགས་ཚུད་དགོས་གལ་ཡིན་པ་མ་ཟད།  སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་སྐུལ་མ་གནང་འདུག  རྩ་བའི་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ལ་དྭགས་སུ་སྲུང་བརྩི་གཟབ་རྒྱས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསར་དུ་འདེམས་ཐོན་བྱུང་བའི་བཀའ་ཤག་སྐབས་བཅུ་བདུན་པའི་ཚབ་བྱས་ཏེ་ཁུལ་དེར་ཆེད་ཕེབས་ཀྱིས། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་། བོད་ཕྲུག་ཁྱིམ་སྡེ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་ནས་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་ཀྱིས་མི་མང་ལ་གསུང་བཤད་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་ལ་བྱང་བཀག་གཞུང་དང་། རྒོད་ཡུལ། ཧན་ལེ་བཅས་སུ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་ཡོད་པ། ལྷག་པར་དུ་ཐེངས་འདིའི་ལ་བྱང་ཁུལ་དུ་འཚམས་གཟིགས་དེ་བཞིན་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་སྤེན་པ་ཚེ་རིང་མཆོག་གིས་འཚམས་གཟིགས་གནང་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་གི་མང་ཚོགས་ལ་གནད་དོན་མང་དག་ཅིག་གི་ཐོག་གསུང་བཤད་གནང་བའི་ཁོངས་སུ་གཙོ་བོ། སྲིད་སྐྱོང་མཆོག་གིས་ཐེངས་འདིར་གླེ་བྱང་ཁུལ་དུ་རྟོག་ཞིབ་ཁྲོད་ས་གནས་དེར་ཡར་རྒྱས་གང་ལ་གང་ཙམ་ཕྱིན་ཡོད་པ་མངོན་རྒྱུ་འདུག་སྐོར་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ནང་ནས་གལ་ཆེ་བ་གཅིག་ནི་གཞུང་དང་མི་མང་བར་འབྲེལ་བ་ཡག་པོ་ཉར་ཚགས་བྱ་རྒྱུ་དེ་ཡིན་པས། བཀའ་ཤག་སྐབས་བཅུ་བདུན་པའི་ངོས་ནས་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་དེ་སྔོན་ལྟར་ཐེངས་གཉིས་རེ་འཚམས་གཟིགས་གནང་རྒྱུ་གལ་ཆེན་དོན་ཆེན་དུ་བརྩི་ཡི་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་དེ་བཞིན་བོད་མིའི་གཞིས་ཆགས་དང་རུབ་སྡོད་ས་ཁུལ་རེ་རེ་ཡན་ཆད་ཀྱིས་མཚོན་གྱི་ཡོད་པ་མ་ཟད། དེས་སྤྱི་ཡོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱང་རང་བཞིན་གྱི་ཡག་པོ་ཞིག་ཆགས་རྒྱུ་ཡིན་དུས། གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་དང་། གང་ལྟར་ཁུལ་འདིར་འཛུགས་སྐྲུན་གྱི་ལས་གཞི་གང་ཞིག་སྤེལ་གྱི་ཡོད་པ་དེ་དག་མ་འོངས་ལོ་མང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་ཐོག་ནས་གནང་དགོས་པ་གསུངས་འདུག ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་བར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་མཚོན་པའི་སྲིད་སྐྱོང་ལ་གུས་ཞབས་སྣེ་ལེན་གང་ཐོབ་ཀྱི་ཡོད་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། ༸མགོན་པོ་མཆོག་གིས་བཀའ་དགོངས་དབུ་མའི་ལམ་གྱི་གནད་འགག་སྐོར་ངོ་སྤྲོད་གནང་བ་མ་ཟད། ༸གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་སྟེ་དུས་ཀྱི་དགོས་མཁོ་དང་མཐུན་པའི་བཀའ་སློབ་ལམ་སྟོན་ཤ་སྟག་ཡིན་པ་དང་། ༸གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཏེ་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་རྩ་བ་ཚུགས་པའི་བསམ་བློའི་འཁྱེར་སོ་ཞིག་ཡིན་དུས་དེས་འཛམ་གླིང་ཡོངས་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད་པ་སོགས་བཀའ་སྩལ་མཛད་ཀྱི་ཡོད་པ་དག་ལ་དོ་སྣང་གནང་དགོས་པའི་དྲན་སྐུལ་གྱིས། ༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་ཡོད་ཀྱང་དེར་བླ་སློབ་ཀྱི་དམ་ཚིག་ཡག་པོ་དགོས་གལ་ཡིན་པ་དང་། ༸མགོན་པོ་མཆོག་གིས་མུ་མཐུད་མཛད་པ་འཕྲིན་ལས་སྐྱོང་བཞིན་པ་ཁག་ལ་མི་མང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་གལ། དེ་བཞིན་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་ཆུང་ཆུང་རིགས་ཀྱིས་༸སྐུ་མདུན་ཐུགས་སུན་པོ་བཟོ་མི་དགོས་པ་ཞིག་ངེས་པར་དུ་གནང་དགོས་པ་གསུངས་འདུག་ལ། ༸གང་ཉིད་སྐུ་འཚོ་བཞུགས་མེད་པའི་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ད་ལྟ་བཞིན་ཆེ་མཐོང་མུ་མཐུད་ཐོབ་པའི་རེ་བ་དང་ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གིས་སོན་བཏབ་གནང་མཛད་པའི་མང་གཙོའི་ལམ་ལུགས་མུ་མཐུད་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་ཡིན་པ་གསུངས་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་ཀྱི་སྣོད་ཀྱི་བྱུང་རབས་ལོ་རྒྱུས་དང་དེང་དུས་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་སྐོར་ངོ་སྤྲོད་དང་འབྲེལ།  ད་ལྟའི་རྒྱ་ནག་རྒྱལ་ཁབ་སྟེ་ཕྱི་ཕྱོགས་ནས་བལྟས་ན་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྣང་གི་ཡོད་ཀྱང་སྲིད་གཞུང་ནང་ལོག་ལ་དཔོན་རིགས་ཕན་ཚུན་དོགས་པ་རྣམ་རྟོག་གི་ཁེངས་ཡོད་པ་མ་ཟད།  ཆབ་སྲིད་སོགས་གང་སྤྱིའི་ཐད་ནས་ཕྱི་གསལ་ནང་གསལ་མེད་པ་སོགས་ཐེར་འདོན་གྱིས།  ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱས་པའི་སྐོར་གསུངས་ཏེ།  ད་ལྟའི་རྒྱ་ནག་གིས་བྱེད་བབ་ལ་བལྟས་ན་སྐད་ཆ་བཤད་སའི་ལམ་ཁ་མེད་པ་དེ་ལྟར་ཡང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ད་ལྟ་བྱང་ཐང་ཉོ་མར་ཁྱིམ་ཚང་ ༣༡ དང་། རྒོད་ཡུལ་དུ་ ༢༥། ཧན་ལེར་ཁྱིམ་ཚང་ ༨༦ བཅས་བྱང་ཐང་ཁུལ་གྱི་ས་ཁུལ་བཞིའི་ནང་གྲོང་པ་ ༢༠༠ ཙམ་ཡོད་པའི་གནས་སྟངས་གསལ་འདོན་དང་འབྲེལ།  ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་ཡི་ཡོད་པ་དང་།  བོད་མི་གནས་སྤོས་གནང་མཁན་ཡང་ཕྲན་བུ་འབྱུང་གི་ཡོད་དུས།  […] The post སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཁྲོད་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་ཡིན་པ་གསུངས་འདུག appeared first on vot.
-
-3
བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་དང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་གཉིས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ Lindsey Graham ལིནྜ་སི་གྷ་ར་ཧམ་ལགས་འདི་ཚེས་ ༡༡ ཉིན་སྙུང་གཞི་རྐྱེན་པས་དགུང་ལོ་ ༧༡ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེ་ཡང་དམ་པ་ཁོང་གིས། དེ་སྔོན་ཕྱི་ལོ་ ༢༠༢༠ ལོར་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ Tibet Policy and Support Act 2020 དང་། ༢༠༢༤ ལོར་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག Resolve Tibet Act བཅས་ལ་རྒྱབ་སྐྱོར་གནང་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ཨ་རིར་རྟེན་གཞིས་བྱས་པའི་རྒྱ་ནག་གཞུང་ཚབ་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེས་བོད་མི་སོགས་ཀྱི་སྐད་ཡིག་དང་རིག་གཞུང་ཐད་ཉེན་འཚབ་ཆེ་བས་ཕྱིར་བསྡུ་དགོས་པའི་དགོས་འདུན་བཏོན་མཁན་ཁོངས་སུ་ཡོད་པ་རེད། མ་ཟད་ཕྱི་ལོ་ ༢༠༡༨ ལོའི་སྲིད་འཛིན་ Trump ཊོམཔ་ཀྱིས་འཆར་འབུལ་ཞུས་པའི་ཨ་རིའི་སྔོན་རྩིས་ཁྲོད་བོད་མི་ཚོར་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་གནང་འཆར་ལ་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་སྙན་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བའི་སྐབས། དམ་པ་ཁོང་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་སྔོན་རྩིས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཡིན་པ་སོགས་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་འདུག རྩ་བའི་དམ་པ་ཁོང་ནི་ཕྱི་ལོ་ ༡༩༥༥ ལོར་སྐྱེས་ཤིང་། ཕྱི་ལོ་ ༢༠༠༣ ནས་བཟུང་འདས་གྲོངས་སུ་མ་གྱུར་བར་ South Carolina ལྷོ་ཀེ་རོ་ལི་ནཱའི་ཁུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད་འདུག ཕྱོགས་མཚུངས་ཕྱི་ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་རྒན་བློ་བཟང་བསམ་གཏན་ལགས་དགུང་ལོ་ ༦༩ སྟེང་ཀེ་ལི་ཕོར་ནི་ཡའི་སྨན་ཁང་ཞིག་གི་ནང་དུ་སྐུ་ཚེའི་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང་། དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་གཞུང་འབྲེལ་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བོད་ཀྱི་ཟློས་གར་ཚོགས་པའི་དབུ་ལས་ཚོགས་མི་ཡོངས་ནས་བསྔོ་སྨོན་གསོལ་འདེབས་དང་གདུང་སེམས་མཉམ་སྐྱེད་ཞུས་འདུག རྩ་བའི་རྒན་བློ་བཟང་བསམ་གཏན་དམ་པ་དེ་ཉིད་ཕྱི་ལོ་ ༡༩༥༧ ལོར་གཙང་གྲུམ་པ་གླིང་དཀྱིལ་ཞེས་པའི་ཁྱིམ་ཚང་དུ་ཕ་སངས་རྒྱས་རྡོ་རྗེ་དང་། […] The post བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་དང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ཟུར་པ་གཉིས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག appeared first on vot.
-
-4
ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཡུ་རོབ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་སྐོང་འཚོགས།
ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། འཛམ་གླིང་ཞི་བདེ་ལ་དམིགས་པའི་ཡུ་རོབ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཚོགས་འདུག ལོ་རྒྱུས་རང་བཞིན་ལྡན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེར་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་གཙོས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཁག་གཅིག་དབུ་བཞུགས་གནང་འདུག་ལ། ཡུ་རོབ་ཁུལ་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ། ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་པ་དང་། ལྷག་པར་ཡུ་རོབ་ཁུལ་དུ་འཛམ་གླིང་དམག་ཆེན་གཉིས་ཀྱི་སྐབས་སུ་རྐྱེན་འདས་སུ་ཕྱིན་པ་དང་། ནད་ཡམས་དབང་གིས་ཚེ་ལས་འདས་པ་ཡོངས་ལ་བསྔོ་སྨོན་དང་། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ཡིན་པ་གོ་སྒྲིག་ཚོགས་ཆུང་ནས་འགྲེལ་བརྗོད་གནང་གི་འདུག The post ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཡུ་རོབ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་དང་པོ་སྐོང་འཚོགས། appeared first on vot.
-
-5
ནིའུ་ཡོག་བོད་མི་ལས་འགུལ་བ་གསུམ་གྱིས་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ལྕགས་ཐག་བཅིངས་ནས་ངོ་རྒོལ་གནང་བ།
ཁ་སང་ཨ་རིའི་ནང་གི་ཕྱི་ཚེས་ ༩ ཉིན་རྒྱབ་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ལས་ཁུངས་ཀྱི་རྒྱལ་སྒོའི་མདུན་དུ་བོད་མི་ལས་འགུལ་བ་གསུམ་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་དྲང་བདེན་དགོས་པའི་དགོས་འདུན་ཐོག་ངོ་རྒོལ་ལས་འགུལ་སྤེལ་འདུག དེ་ཡང་ཁ་སང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པའི་བདུན་ཚིགས་དང་པོར་རྗེས་དྲན་ཞུ་ཕྱིར་ཉིན་རྒྱབ་ཕྱག་ཚོད་ ༣.༢༥ ཙམ་ལ་ཨ་རི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་ཚེ་ལྷ་ རྫོགས་སངས་ལགས་དང་། བསྟན་འཛིན་དཀོན་མཆོག་ལགས། བསྟན་འཛིན་ཚེ་བརྟན་ལགས་བཅས་གསུམ་གྱིས་ཕྱག་ཏུ་རྒྱལ་གཅེས་པ་བློ་དགའ་ལགས་ཀྱིས་བོད་རང་བཅན་ཆེད་སྐུ་ལུས་མེར་བསྲེགས་གནང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ནས་བོད་ཐོག་ཁ་ཁུ་སིམ་པོར་སྡོད་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་སྦྱར་ཡིག་རྣམས་འཕྱར་བཞིན་རྒྱལ་ཚོགས་ཀྱི་ལས་ཁུངས་ལྕགས་ཁྲའི་རྒྱལ་སྒོར་རང་ཉིད་ལྕགས་ཐག་གིས་བཅིངས་ནས་རྒྱལ་སྒོའི་འགྲོ་ལམ་བཀག་འགོག་གིས་ངོ་རྒོལ་སྐད་འབོད་གནང་སྐབས་ཉེན་རྟོག་པས་ལས་འགུལ་བ་གསུམ་པོ་འཛིན་བཟུང་གིས་ཆུ་ཚོད་ ༤ བཀར་ཉར་རྗེས་གློད་བཀྲོལ་བཏང་འདུག  དེའི་སྐོར་ཨ་རི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་སྨིན་ལེགས་ལགས་སུ་དེ་རིང་སྔ་དྲོ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད། ཐེངས་འདིའི་ངོ་རྒོལ་ལས་འགུལ་དང་འབྲེལ་ཨ་རི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་བསྒྲགས་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་བརྒྱུད། བོད་མི་གཞོན་སྐྱེས་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Türk ལགས་སུ་བོད་ཀྱི་གནད་དོན་ཐོག་ཁ་ཁུ་སིམ་པོར་སྡོད་རྒྱུ་མེད་པ་དང་རྒྱལ་ཚོགས་ཀྱིས་གནད་འགག་ཆེ་བའི་དུས་སྐབས་འདིར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལ་དྲང་བདེན་གྱི་རྒྱབ་སྐྱོར་མཚོན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཡ་ལན་གང་ཡང་མ་བྱས་སྟབས། གོ་ལ་ཡོངས་ལ་བོད་དོན་ཐོག་ལས་འགུལ་སྤེལ་དགོས་པའི་སྐུལ་མ་གནང་བཞིན་ཡོད་ལ། ལྷག་པར་དུ་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པའི་སྙིང་སྟོབས་ཀྱིས་འཛམ་གླིང་ཡོངས་ཀྱི་བོད་མི་ཚོར་སེམས་ཤུགས་སྤོར་བཞིན་ཡོད་པས་ཁོང་ཚོས་ཀྱང་བོད་ཀྱི་གནད་དོན་ཐད་རང་ཉིད་ཀྱི་ལས་དོན་སྒྲུབ་རྒྱུ་ཡིན་ཞེས་ནན་བཤད་གནང་འདུག ཁ་སང་རྒྱལ་ཚོགས་ཀྱི་རྒྱལ་སྒོའི་མདུན་དུ་ལྕགས་ཐག་གིས་བཅིངས་ནས་ངོ་རྒོལ་གནང་མཁན་ཁོངས་སུ་ཡོད་པ་ཨ་རི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚེ་ལྷ་རྫོགས་སངས་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ལ་དམ་དྲག་ཤུགས་ཆེ་བྱས་ཡོད་ལ། བོད་མི་ ༡༧༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་ཉིན་ཞིག་རང་དབང་ལྡན་པའི་བོད་ཅིག་མཐོང་ཐུབ་པའི་རེ་འདུན་བཅངས་ཡོད་སྐོར་གསུངས་པ་མ་ཟད། ཟླ་བ་འདིའི་ཕྱི་ཚེས་ ༡ ནས་གཞུང་འབྲེལ་གྱིས་ལག་བསྟར་བྱེད་འགོ་བཙུགས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེ་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པས་བོད་མིའི་ངོ་བོར་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཁེ་ན་ཌར་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡང་ནས་ཡང་དུ་བོད་དང་བོད་ནང་གི་གནས་སྟངས་ཇི་བྱུང་ཐད་བརྗེད་པ་དང་སྣང་མེད་གཏོང་བཞིན་པར་འགྱུར་བ་འདོད་ཀྱི་ཡོད་པ་ནན་བརྗོད་དང་སྦྲགས། རྒྱལ་ཚོགས་ལ་བོད་ནང་བཀམ་སྡོམ་མེད་པའི་འགྲོ་འོང་དང་ཞིབ་འཇུག་བྱེད་ཆོག་པའི་རང་དབང་སྤྲོད་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལ་བོད་ནི་རྒྱལ་ཁབ་ཅིག་ཡིན་པས་གྲངས་ཉུང་མི་རིགས་ཤིག་མིན་པས་ངེས་པར་དུ་བོད་སྐོར་གླེང་དགོས་པ་བརྗོད་འདུག རྩ་བའི་ཁ་སང་ནིའུ་ཡོག་བོད་མི་ལས་འགུལ་བ་གསུམ་གྱིས་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་གནང་བཞིན་པའི་དུས་ཡུན་སྐར་མ་འགའ་ཤས་རྗེས་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲོག་འོག་ས་གནས་བོད་མི་མང་ཚོགས་ནས་ས་ཚིགས་དེ་རང་དུ་དགོང་དྲོ་ཆུ་ཚོད་ ༤ ནས་ ༧ པའི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་བརྒྱུད་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པའི་བདུན་ཚིགས་དང་པོར་རྗེས་དྲན་ཞུས་འདུག  The post ནིའུ་ཡོག་བོད་མི་ལས་འགུལ་བ་གསུམ་གྱིས་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ལྕགས་ཐག་བཅིངས་ནས་ངོ་རྒོལ་གནང་བ། appeared first on vot.
-
-6
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་མཉམ་ཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་དུ་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་དབུ་བཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༩ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དུ་གོ་སྒྲིག་ཞུས་པའི་མཛད་སྒོ་དེའི་ཐོག་སྐུ་མགྲོན་དུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་སྐུ་ཞབས་ Riley Barnes མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་འགྲུབ་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱི་གཙོས་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་ཀྱི་མི་མང་སོགས་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་སྐུ་ཞབས་ Riley Barnes མཆོག་གིས། ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁུངས་སྐར་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེར་དགའ་སྤོབས་པ་དང་སྦྲགས། ད་དུང་ཡང་མ་འོངས་པར་མུ་མཐུད་ནས་ད་ལན་གྱི་འཁྲུངས་སྐར་གྱི་མཛད་སྒོ་དེ་བཞིན་མང་པོ་འཚོགས་རྒྱུ་བྱུང་བའི་རེ་བ་ཡོད་ཅེས་གསུངས་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་མ་ཟད། ༸གང་ཉིད་མཆོག་གི་སྙིང་རྗེ་དང་གཏོང་ཕོད། བརྩེ་བ་ལྡན་པའི་ཐུགས་ཀྱི་ཡོན་ཏན་སྐོར་ལ་བཀའ་སློབ་གནང་འདུག དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་འགྲུབ་ལགས་ཀྱིས་མཛད་རིམ་འདི་ལྟ་བུ་ནི་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་དུས་ཚིགས་ཁོ་ན་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར། གཙོ་བོ་༸གང་ཉིད་མཆོག་གི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་སོགས་དང་འབྲེལ་བའི་ཐུགས་ཀྱི་དགོངས་པ་གོང་འཕེལ་སླད་དམིགས་བསལ་གྱི་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་མ་ཟད། ༸གང་ཉིད་ཀྱི་དགོངས་པ་དེ་དག་ནི་དེང་གི་དུས་སྐབས་སུ་ཧ་ཅང་དགོས་མཁོ་ཆེན་པོ་ཡིན་པ་ནན་བརྗོད་གནང་འདུག ཕྱོགས་མཚུངས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ད་ལན་འཛམ་གླིང་ས་ཕྱོགས་གང་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུ་བཞིན་པ་ཡིན་ཡང་། ཉེ་ཆར་རྒྱལ་ཚོགས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེས་བོད་པའི་སྤྱི་ཚོགས་ཡོངས་ལ་སེམས་སྡུག་ཆེན་པོ་ཞིག་བཟོས་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁོང་གི་བློས་བཏང་དེའི་བརྒྱུད་ནས་བོད་མི་ཡོངས་ཀྱིས་རེ་བ་མ་བརླག་པར་བྱམས་བརྩེའི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ཆེད་མུ་མཐུད་ནས་འཐབ་རྩོད་གནང་རྒྱུ་ནན་སྐུལ་ཞུས་ཡོད་པ་མ་ཟད། ད་ལན་བོད་མི་ཡོངས་ཀྱིས་མྱ་ངན་ཞུ་བཞིན་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལམ་ལ་བཞུགས་རྒྱུའི་སེམས་ཤུགས་གསར་པ་ཞིག་བསྐྲུན་ཡོད་པ་གསུངས་འདུག རྩ་བའི་ཟླ་འདིའི་ཕྱི་ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དེ་བཞིན་འཛམ་གླིང་ཡོངས་ལ་སྲུང་བརྩི་གཟབ་རྒྱས་ངང་ཞུས་ཡོད་པ་མ་ཟད། སྐབས་དེར་རྒྱལ་སྤྱིའི་དབུ་ཁྲིད་སོགས་ནས་མགོན་པོ་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུས་ཡོད་པའི་ཁྲོད།  ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་སྐུ་ཞབས་ Riley Barnes མཆོག་ནས་ཀྱང་ X སྤྱི་ཚོགས་དྲྭ་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། ཁོང་ཉིད་ཀྱིས་མུ་མཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གྱི་ཐད་མུ་མཐུད་རྒྱབ་སྐྱོར་དང་ཤུགས་སྣོན་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། The post ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་མཉམ་ཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི། appeared first on vot.
-
-7
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐད་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་གསུངས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ལ་དྭགས་བསོད་ནམས་གླིང་གཞིས་མི་རྣམས་ལ་གསུང་བཤད་ཁྲོད། ཉེ་ལམ་ཨ་རིའི་རོགས་དངུལ་ཆད་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ཏོག་ཙམ་ཕྲད་ཀྱང་། ད་ཆ་དངུལ་སྐོར་ལ་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཅེས་གསུངས་པ་དེ་ལྟར་ཡང་།  བོད་མི་རྣམས་ཀྱིས་སྒྲིག་འཛུགས་ནས་རོགས་རམ་སོགས་ཞུ་སྐབས་དངོས་ཡོད་དགོས་ངེས་ཅན་ཡིན་ན་མ་གཏོགས་གཞན་གྱི་གོ་སྐབས་འཕྲོག་རྒྱུ་མེད་པའི་སྐུལ་མ་གནང་འདུག དེའང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་སྐབས་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༧ གྱི་སྔ་དྲོ་ལ་དྭགས་བསོད་ནམས་གླིང་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་མི་མང་ལ་ཆུ་ཚོད་གཅིག་ལྷག་ཙམ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ད་སྐབས་རྒྱ་ནག་དེ་ཉིད་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་གྲས་ཤིག་ཆགས་ཡོད་པ་མ་ཟད། འཛམ་གླིང་ཐོག་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་ལྟར། ཆབ་སྲིད་ཀྱི་བ་རླབས་འདི་ལྟ་བུའི་ནང་བོད་ཀྱི་གནད་དོན་དེ་ཉིད་གསོན་པོར་གནས་ཐུབ་པ་བྱ་རྒྱུ་དང་གོ་སྐབས་ཤར་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེ་ཡིན་པ་ལྟར། དེ་འབྲེལ་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་ཁྲོད་བོད་དོན་ཞུ་གཏུགས་སོགས་ཀྱི་བརྒྱུད་ནས་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་སྐོར་གསུངས་པ་དེ་ལྟར་ཡང་། ཕྱོགས་གཞན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་དམར་གཞུང་དེ་ཉིད། Autocratic Capitalist Under the Garb of Communism ཞེས་དམར་ཤོག་གི་འབག་གྱོན་པའི་དབང་ཆ་གཅིག་བསྡུས་ཀྱིས་མ་རྩའི་རིང་ལུགས་པ་ཞིག་ལ་འགྲེལ་བརྗོད་གནང་བ་མ་ཟད། དེའང་ཞེད་སྣང་གི་ཁོར་ཡུག་ལྡན་ཞིང་དམངས་གཞི་བརྟན་པོ་མེད་པའི་གནས་སྟངས་ཤིག་གི་འོག་ལུས་ཡོད་པའང་འགྲེལ་བརྗོད་གནང་འདུག སྲིད་སྐྱོང་མཆོག་གི་ད་དུང་ལ་དྭགས་ཀྱི་ས་གནས་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྐོར་ལ་འགྲེལ་བརྗོད་དང་འབྲེལ། དེ་སྔ་དཀའ་ངལ་བྱུང་ཡང་ད་ཆ་དངུལ་ཐོག་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཅེས་གསུངས་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ངོས་ནས་ཡོང་རྒྱུའི་ལོ་ཤས་ནང་སྤྱི་བའི་འཛུགས་བསྐྲུན་གྱི་ལས་དོན་ལ་དོ་སྣང་ཆེ་ཙམ་གནང་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལ་དྭགས་ནང་མཚོན་ན་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བོད་མིའི་སྡོད་ཁང་ཆེད་ས་ཁྱོན་གང་ཙམ་གསོལ་སྩལ་གནང་བ་ལུང་འདྲེན་གྱིས། བཙན་བྱོལ་བོད་མིའི་མི་འབོར་ནང་བརྒྱ་ཆ་བཅུ་ཙམ་ད་ལྟའང་སྡོད་ཁང་མེད་མཁན་ཆགས་ཡོད་སྟབས། བོད་མི་ཚོས་དགོས་ངེས་ཅན་ཡིན་ན་མ་གཏོགས་སྒྲིག་འཛུགས་ནས་རོགས་རམ་སོགས་ཞུ་སྐབས་གཞན་གྱི་གོ་སྐབས་འཕྲོག་རྒྱུ་མེད་པའི་སྐུལ་མ་གནང་འདུག མ་ཟད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་སྐབས་ལ་དྭགས་གཙོས་བཙན་བྱོལ་བོད་མི་ཁག་གཅིག་གིས་རྒྱ་གར་ཡུལ་མིའི་ཁེ་དབང་བཞེས་ཏེ་འོས་འཕེན་ལག་འཁྱེར་བཟོ་བཞིན་པའི་གནད་དོན་གླེང་སློང་དང་འབྲེལ། གནད་དོན་དེའི་ཐོག་ངེས་པར་དུ་བསམ་ཞིབ་བྱ་དགོས་པ་དང་། ལྷག་པར་ཡུལ་མིའི་ཆབ་སྲིད་ཀྱི་གནད་དོན་ནང་ཐེ་གཏོགས་མ་བྱེད་པར་རང་སར་གནས་དགོས་པའི་ལམ་སྟོན་གནང་འདུག སྲིད་སྐྱོང་མཆོག་གིས་གཞན་ཡང་གསུང་བཤད་དེའི་ཁྲོད་དབུ་མའི་ལམ་གྱི་འཕེལ་རིམ་དང་གལ་ཆེའི་རང་བཞིན། བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་དགོས་པ། བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་ལས་གཞི་ཁག་སོགས་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ཐད་ཕྱི་ཟླ་ ༩ པའི་ནང་ལས་འཆར་ཁག་བང་སྒྲིག་བཞིན་པ་ལྟར། སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕྱིར་ལོག་གནང་མ་ཐག་བཀའ་ཤག་ལྷན་རྒྱས་རིམ་པ་སྐོང་འཚོག་གིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་འདུག The post བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐད་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་གསུངས་འདུག appeared first on vot.
-
-8
མོན་རྟ་དབང་དང་ལ་དྭགས་ཟངས་དཀར་ཁུལ་དུ་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར།
ཉེ་ཆར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་ཕྱི་ནང་གཉིས་ནས་ཚོར་ཤུགས་ཆེན་པོས་རྒྱ་གཞུང་ལ་སྐྱོན་བརྗོད་དང་སྐྱོ་གདུང་སོགས་ཀྱི་རྣམ་པ་འདྲ་མིན་གསལ་འདོན་གནང་བཞིན་པའི་དུས་མཚམས་འདིར། དེ་རིང་ཉིབ་རྒྱབ་མོན་རྟ་དབང་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཆར་ཤུགས་དྲག་པོ་ལ་ལྟོས་མེད་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་བློས་གཏོང་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་ཁུལ་དེའི་ནང་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་གནང་འདུག དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢.༣༠ ཙམ་ལ་མོན་རྟ་དབང་ནང་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྟ་དབང་རྫོང་ཁྱོན་ཡོངས་ཀྱི་གཞོན་སྐྱེས་ཚོགས་པ། བོད་ཁྱིམ་སློབ་ཟུར་ཚོགས་པ་དང་། མོན་ Darti ཤེས་ཡོན་དང་རིག་གཞུང་ཚོགས་པ། སློབ་ཕྲུག་མཐུན་ཚོགས་དང་མོན་རྟ་དབང་ལྷ་དཀར་སྒོར་གཞས་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་ཐུན་མོང་གིས་གོ་སྒྲིག་གནང་བའི་ཐོག་ས་གནས་མང་ཚོགས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་ Buddha Park སྐྱེད་མོས་ཚལ་ནས་༸རྒྱལ་བའི་ཕོ་བྲང་བར་མར་མེ་ཁྲོམ་སྐོར་གནང་ཡོད་པ་དང་། ལས་འགུལ་དེའི་ཐོག་མོན་རྟ་དབང་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་དང་།  སློབ་ཕྲུག  ཡུལ་མི།  གཞན་ཡང་དགོན་སྡེ་ཁག་གི་གྲྭ་བཙུན་བཅས་མཉམ་ཞུགས་ཐོག་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་ཆེད་བློས་གཏོང་གནང་བར་རྗེས་དྲན་དང་གུས་འདུད་ཞུས་འདུག དེའི་སྐོར་ལས་འགུལ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་རྟ་དབང་རྫོང་ཁྱོན་ཡོངས་ཀྱི་གཞོན་སྐྱེས་ཚོགས་པའི་ཚོགས་གཙོ་བློ་བཟང་ཆོས་གྲུབ་ལགས་དང་ཚོགས་པའི་ཤེས་རིག་དྲུང་ཆེ་ཕུན་ཚོགས་བཀྲ་ཤིས་ལགས་གཉིས་སུ་བཀའ་འདྲི་ཞུས་ཡོད།  སྐབས་དེར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་འགོ་མ་བཙུགས་གོང་ Buddha Park སྐྱེད་མོས་ཚལ་དུ་ཚང་འཛོམས་ཀྱིས་སྐར་མ་ཁ་ཤས་རིང་མྱ་ངན་གུས་འདུད་ཀྱི་ངག་བཅད་གནང་བ་དང་སྦྲགས།   མོན་རྟ་དབང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་ཡོན་ཏན་བཟོད་པ་ལགས་དང་རྟ་དབང་གཞོན་སྐྱེས་ཚོགས་པའི་ཚོགས་གཙོ་བློ་བཟང་ཆོས་གྲུབ་ལགས་རྣམ་གཉིས་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ད་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སྐུ་ལས་བསྐྱོན་པའི་བློས་བཏང་ལ་ཆེ་བསྟོད་ཀྱིས་གསུང་བཤད་གནང་འདུག ཕྱོགས་མཚུངས་ཁ་སང་ལ་དྭགས་ཟངས་དཀར་དུ་ཟངས་དཀར་བོད་ཁྱིམ་སློབ་ཟུར་ཚོགས་པ་དང་ནང་ཚོགས་ཐུན་མོང་གི་གོ་སྒྲིག་འོག་མང་ཚོགས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པའི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱིས་མར་མེ་ཁྲོམ་སྐོར་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༧ གྱི་ཉིན་རྒྱབ་ཕྱག་ཚོད་ ༡.༣༠ སྟེང་ཟངས་དཀར་དུ་རྟེན་གཞི་བྱས་པའི་༸རྒྱལ་བའི་གྲུ་འཛིན་ཕོ་བྲང་ཕྱི་ཕྱོགས་སུ་དུ་ས་གནས་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་ཆེད་བློས་གཏོང་གནང་བར་རྗེས་དྲན་དང་གུས་འདུད་ཞུ་ཕྱིར་ཉིན་རྒྱབ་ཕྱག་ཚོད་ ༣ བར་༸རྒྱལ་བའི་ཕོ་བྲང་གི་མཐའ་སྐོར་ལ་མར་མེ་ཁྲོམ་སྐོར་གནང་རྗེས་བསྔོ་སྨོན་གསུང་འདོན་གནང་འདུག  ལས་འགུལ་དེའི་བརྒྱུད་ཁོང་རྣམས་ཀྱིས་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་གང་མགྱོགས་མི་ལུས་རིན་པོ་ཆེ་ཐོབ་པ་དང་བོད་ལ་སྐྱིད་པའི་ཉི་མ་ཤར་བ། ལྷག་དོན་༸གོང་ས་མཆོག་བོད་ལ་གང་མགྱོགས་ཆིབས་བསྒྱུར་བསྐྱང་རྒྱུའི་རེ་འདུན་ཞུས་པ་དང་སྦྲགས། ཟངས་དཀར་མི་མང་ངོས་ནས་བོད་ལ་དཀའ་ངལ་གང་ཞིག་འཕྲད་ཀྱང་དུས་རྟག་ཏུ་བོད་མི་ཚོ་དང་མཉམ་དུ་ཡོད་ཅེས་ནན་བཤད་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་ལས་འགུལ་དེ་སྣེ་ཁྲིད་གནང་མཁན་ཁོངས་སུ་ཡོད་པ་ཟངས་དཀར་ནང་ཚོགས་ཀྱི་ཚོགས་གཞོན་གཞས་པ་བསྟན་འཛིན་ཤེན་ལགས་སུ་བཀའ་འདྲི་ཞུས་ཡོད། གཞི་རྩའི་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཨ་རིའི་ནིའུ་ཡོག་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་ནས་ཆུ་ཚོད་ ༧ ཡོལ་ཙམ་ལ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཁ་ཉིན་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་དམ་པ་དེ་ཉིད་ཀྱི་སྐུ་ཕུང་གཟི་བརྗིད་ལྡན་པའི་ངང་ནིའུ་ཡོག་དང་ནིའུ་ཇར་སི་ཕུན་ཚོགས་བདེ་ཞི་ཚོགས་ཁང་ནང་གདན་ཞུས་ཀྱིས་བསྔོ་སྨོན་དང་མཇལ་དར་སྒྲོན་ཏེ་དམ་པ་ཁོང་ལ་མཐའ་མའི་ཞལ་གྱེས་ཞུས་རྗེས་སྐུ་ཕུང་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་དྲང་བདེན་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བརྒྱུད་ཉིན་རྒྱབ་ཆུ་ཚོད་ ༡༢།༡༠ ཙམ་ལ་ Brooklyn དུར་ཁྲོད་དུ་གདན་ཞུས་ཀྱིས་ཞུགས་འབུལ་གནང་ཡོད་པ་རེད། The post མོན་རྟ་དབང་དང་ལ་དྭགས་ཟངས་དཀར་ཁུལ་དུ་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར། appeared first on vot.
-
-9
ཨོ་གླིང་ནང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
ཉེ་ལམ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་ཁུལ་དེ་གའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་རང་བཙན་དང་ཆོལ་གསུམ་མཐུན་སྒྲིལ་ཆེད་རང་ལུས་མེར་བསྲེགས་བཏང་གནང་བར་བརྟེན། བོད་མིའི་འདུ་སྡོད་ས་གནས་གང་སར་ཁོང་ལ་མྱ་ངན་གུས་འདུད་དང་འབྲེལ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཁྲོད། དེ་རིང་ཨོ་གླིང་ནང་ཞིང་བཤེགས་དམ་པ་ཁོང་གི་སླད་ཟས་བཅད་ངོ་རྒོལ་དང་། ཞི་བའི་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད་འདུག དེ་ཡང་འདི་ཚེས་ ༣ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་སྐུ་ལུས་མེར་བསྲེགས་བཏང་པར། དམ་པ་ཁོང་གིས་བློས་བཏང་དང་སྙིང་སྟོབས་ལ་གུད་འདུད་དང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཨོ་གླིང་ལྦིག་ཊོ་རི་ཡ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་དེ་རིང་ཕྱི་ཚེས་ ༨ ཉིན་མལ་སྦོན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྔ་དྲོ་ཕྱག་ཚོད་ ༡༠ པ་ནས་སང་ཕྱག་ཚོད་ ༡༠ བར་ཁྱོན་ཕྱག་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་དང་། ཕྱི་ཚེས་ ༩ ཉིན་གྱི་ཕྱག་ཚོད་ ༡༠།༠༠ ནས་ ༡༢།༠༠ བར་ཞི་བའི་ངོ་རྒོལ་གྱི་ལས་འགུལ། དེ་བཞིན་ངོ་རྒོལ་ལས་འགུལ་གྲུབ་མཚམས་ཞི་བའི་གོམ་བགྲོད་ཀྱིས་ཁུལ་དེའི་མངའ་སྡེའི་དཔེ་མཛོད་ཁང་མདུན་ཐང་དུ་ལྷན་འཛོམས་གནང་ནས་ཕྱི་དྲོ་ཕྱག་ཚོད་ ༥།༠༠ པའི་བར་སྨོན་ལམ་གསུང་འདོན་དང་། བསྒྲགས་གཏམ་སྤེལ་འཆར་ཡོད་པ་རེད་འདུག སྤྱིར་ཐེངས་འདིའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁྲོད་ས་གནས་བོད་མི་ ༡༣ མཉམ་ཞུགས་གནང་འདུག་ཅིང་། ད་ཐེངས་ཀྱི་ལས་འགུལ་བརྒྱུད་ཨོ་སྟྲེ་ལི་ཡའི་གཞུང་དང་། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་བོད་དོན་གླེང་སློང་གནང་རོགས་ཞེས་རེ་སྐུལ་དང་། དེ་བཞིན་བཙན་དབང་གིས་རྒྱ་བསྒྱུར་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ། བོད་ཕྲུག་ཚོའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་སྐད་ཡིག་དང་། ཆོས་དད། རིག་གཞུང་། ངོ་བོ་བཅས་ལ་སྲུང་སྐྱོབ་དང་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད། དེ་བཞིན་ལྦིག་ཊོ་རི་ཡ་བོད་རིགས་མཐུན་ཚོགས་ཀྱིས་འདི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༦།༠༠ ཙམ་ལ་ Light One Candle for Lobga Rangzen འམ་བློ་དགའ་རང་བཙན་ཆེད་དུ་མར་མེ་གཅིག་སྒྲོན་ཞེས་པའི་དྲྭ་ཐོག་ལས་འགུལ་ཞིག་ཀྱང་སྤེལ་འཆར་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་ཨོ་གླིང་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ལས་འགུལ་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་བསྟན་འཛིན་བློ་བཟང་ལགས་སུ་བཀའ་འདྲི་ཞུས་ཡོད། ཕྱོགས་མཚུངས་ཁུལ་དེའི་གྲོང་ཁྱེར་ Sydney […] The post ཨོ་གླིང་ནང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ། appeared first on vot.
-
-10
བསོད་ནམས་དོན་གྲུབ་ལགས་ཀྱི་ཧྥ་རན་སི་ཁུལ་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
ཧྥ་རན་སིར་གནས་སྡོད་བོད་མི་བསོད་ནམས་དོན་གྲུབ་ལགས་ནས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཉིན་གྲངས་བརྒྱ་མ་ཟིན་ཙམ་གྱི་རིང་ཧྥ་རན་སིའི་ས་གནས་ ༣༢ ལྷག་གི་ནང་རྐང་འཁོར་སྐོར་སྐྱོད་ཀྱིས་ཁུལ་དེའི་ས་གནས་སྲིད་གཞུང་གི་འགན་འཛིན་དང་། གྲོས་ཚོགས་འཐུས་མི། གསར་འགོད་པ།  ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་མ་ཟད། བོད་སྐོར་གོ་རྟོགས་མེད་མཁན་བཅས་ལ་དགོས་འདུན་དོན་ཚན་བཅུའི་འོག་ནས་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་སོགས་གནང་སྟེ་ལས་འགུལ་དེ་བཞིན་ཁ་སང་ཕྱི་ཚེས་ ༧ ཉིན་མཇུག་སྒྲིལ་གནང་ཡོད་པ་རེད། སྤྱིར་བསོད་ནམས་དོན་གྲུབ་ལགས་ཀྱི་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཁྲོད་བོད་ནང་གི་ཛ་དྲག་གནས་སྟངས་དོན་ཚན་བཅུ་ཅན་ཞིག་གི་ཐོག་དྲིལ་བསྒྲགས་གནང་ཡོད་པ་དང་།  དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མི་བྱིས་པ་རྣམས་རང་གི་ཕ་མ་དང་ཁ་བྲལ་ཏུ་བཏང་སྟེ་བཅའ་སྡོད་སློབ་གྲྭ་ཟེར་བར་བཙན་ཁྲིད་བྱེད་ཀྱི་ཡོད་པ།  དེ་བཞིན་རྒྱ་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་རིག་རྫས་བཙན་དབང་གིས་བསྡུ་ལེན་བྱེད་བཞིན་ཡོད་པ་ཐེར་འདོན་ཙམ་མ་ཟད།  ཀུན་གཟིགས་༸པཎ་ཆེན་རིན་པོ་གཙོ་བོར་གྱུར་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་།  བོད་ནང་ཁྲིམས་མཐུན་མིན་པའི་ཆུ་རགས་གསར་རྒྱག་གི་ལས་གཞི་ཡོངས་རྫོགས་མཚམས་འཇོག་དགོས་པ་སོགས་འཁོད་ཡོད་པ་རེད།  འདི་གའི་གསར་འགོད་པས་བོད་དོན་ལས་འགུལ་བ་བསོད་ནམས་དོན་གྲུབ་ལགས་སུ་དྲྭ་ཐོག་བརྒྱུད་ཁོང་གི་ཧྥ་རན་སི་ནང་གི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་འབྲེལ་ཏེ་གནད་དོན་ཁག་གཅིག་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས།  ཧྥ་རན་སི་ཁུལ་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཐོག་མའི་ཆར་ཁོང་གིས་ཇི་ལྟར་འཆར་གཞི་བཀོད་པ་གཞིར་བཟུང་ལེགས་གྲུབ་བྱུང་ཡོད་པར་འདོད་བློ་ཁེངས་སོང་ཅེས་དང་།  སྐོར་སྐྱོད་ཁྲོད་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མི་རྣམས་ནས་ལས་འགུལ་གང་མང་སྤེལ་དགོས་པའི་རེ་འདུན་བཏོན་གྱི་ཡོད་པ་འགྲེལ་བརྗོད་དང་འབྲེལ།  ལྷག་པར་དུ་ལས་འགུལ་འདི་ཉེ་ལམ་འདས་གྲོངས་སུ་ཕྱིན་པའི་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་དང་སྐུ་ལུས་མེར་མཆོད་ཕུལ་མཁན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་ཁོང་གཉིས་ཀྱི་ཆེད་དུ་ལེགས་སྐྱེས་ཚུལ་དུ་ཡིན་པ་འགྲེལ་བརྗོད་ཙམ་མ་ཟད།  དམ་པ་ཁོང་གཉིས་ཀྱིས་བོད་དོན་ལས་འགུལ་སྤེལ་དགོས་པའི་ཞལ་འཆེམས་ལྟར་ལོ་རྗེས་མ་བསྐྱར་དུ་ཡུ་རོབ་ནང་གི་ས་གནས་གཞན་ཁག་ཏུ་དེ་མཚུངས་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་སོང་ལ།  ང་ཚོ་བོད་པ་ཚང་མས་རང་རྒྱལ་ཁབ་དེ་ཨང་དང་པོར་རྩིས་པའི་ཐོག་བོད་དོན་འཐབ་རྩོད་གནང་དགོས་པའི་རེ་སྐུལ་ཞུས་གནང་སོང་།  ་ The post བསོད་ནམས་དོན་གྲུབ་ལགས་ཀྱི་ཧྥ་རན་སི་ཁུལ་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ། appeared first on vot.
-
-11
རྒྱ་གར་རྒྱལ་ས་ལྡི་ལིར་དགའ་སྐྱོ་ཟུང་འབྲེལ་གྱི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་དེ་ལྡི་ལི་བསམ་ཡས་གླིང་དུ་འཚོགས་ཡོད་པ་མ་ཟད།   ཕྱི་དྲོ་ད་དུང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ངོས་ནས་ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ་དང་།  རྒྱ་གར་གནད་ཡོད་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཁག་ལ་ཕྱི་དྲོའི་གསོལ་སྟོན་ཞིག་ཀྱང་འདེགས་འབུལ་ཞུས་ཡོད་པ་རེད། དེ་ཡང་བོད་སྒར་བསམ་ཡས་གླིང་དུ་འཚོགས་པའི་གཞུང་འབྲེལ་འཁྲུངས་སྐར་གྱི་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Tapir Gao མཆོག་གིས་དབུས་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་འབྲེལ་མཐུད་པ་སྐུ་ཞབས་ R K Khirmey མཆོག   བདེ་སྲུང་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་དང་།   ཚོགས་གཞོན་ཟུར་པ་ཨ་ཅརྱ་ཤེས་ཕུན་ཚོགས་ལགས།  ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱི་དབུས་གཞན་ཡང་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དབུ་བཞུགས་ཐོག་མི་མང་ལྷན་འཛོམས་ཀྱིས་༸སྐུའི་འཁྲུངས་སྐར་དགའ་སྐྱོ་ཟུང་འབྲེལ་ཐོག་ནས་སྲུང་བརྩི་ཞུས་ཡོད་པ་དང་།    མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་བློ་དགའ་རང་བཙན་ལགས་དྲན་སྐུལ་དང་སྦྲགས།  བོད་རིགས་ནི་ལོ་རྒྱུས་ནས་དཔའ་མཛངས་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཡིན་སྟབས།   མི་རིགས་དེའི་འཐབ་རྩོད་ཀྱི་ཆེད་དུ་མི་གཅིག་གི་སྲོག་ཀྱང་ཧ་ཅང་རྩ་ཆེན་པོ་ཡིན་སྐོར་གསུངས་ཏེ།   བོད་མི་ཚོས་དྲག་པོའི་ཐབས་ལམ་ལ་མ་བརྟེན་པར་དུས་རབས་དང་མཐུན་པའི་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་བེད་སྤྱོད་ཀྱིས་དགྲ་བོར་ཁ་གཏད་གཅོག་དགོས་པ་དང་།  རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་ལྟར་ད་དུང་ཡང་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།   སྐབས་དེར་བདེ་སྲུང་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་ནས་ཀྱང་།  ང་ཚོས་ཆིག་སྒྲིལ་ཁ་ནས་བཤད་པ་ཙམ་མིན་པར།  དོན་དངོས་ཀྱི་མི་རེ་ངོ་རེ་ནས་སོ་སོའི་ལྟ་གྲུབ་གང་ཡིན་ལ་མ་ལྟོས་པར་རྡོག་རྩ་ཆིག་སྒྲིལ་ཐོག་འགན་འཁུར་དགོས་པའི་ལམ་སྟོན་གནང་ཡོད།   མཛད་སྒོ་དེའི་ཐོག་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ནས་ཀྱང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་གཏོང་ལ་ཆེ་བསྟོད་དང་སྦྲགས།  ཁོ་པའི་ཞལ་འཆེམས་ལྟར་བོད་མི་ཚང་མས་དེ་རིང་ནས་ཟུང་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་བོད་མིའི་རང་དབང་འཐབ་རྩོད་ཆེད་མདུན་སྐྱོད་བྱེད་རྒྱུའི་མི་རེ་ངོ་རེ་ནས་དམ་བཅའ་བཞག་ཐུབ་ཐབས་ཡོང་བའི་འབོད་སྐུལ་ཡང་གནང་ཡོད། བོད་སྒར་བསམ་ཡས་གླིང་གི་གཞུང་འབྲེལ་འཁྲུངས་སྐར་གྱི་མཛད་སྒོ་དེ་གྲུབ་པ་དང་བསྟུན་ཕྱི་དྲོའི་ཆུ་ཚོད་ལྔ་པའི་ཐོག་རྒྱ་འཐུས་ཡིག་ཚང་གི་གོ་སྒྲིག་ཞུས་པའི་རྐང་སྤོལ་རྩེད་འགྲན་ཞིག་ཀྱང་གནང་ཡོད་པ་མ་ཟད། ཆུ་ཚོད་ ༨ པའི་ཐོག་ India Habitat ལྟེ་གནས་ཁང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་ཞུས་པའི་གསོལ་སྟོན་ཐོག ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གི་སྐུ་ཚབ་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་བཅས་སྐུ་མགྲོན་མི་གྲངས་ ༡༠༠ སྐོར་ཞིག་འདུ་འཛོམས་བྱུང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་རྣམས་ནས་བློ་དགའ་རང་བཙན་ལགས་སུ་མྱ་ངན་ཆེ་བསྟོད་དང་སྦྲགས། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Shyam Saran མཆོག་གིས་ཁོང་རང་ཉིད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་ཐུགས་འབྲེལ་བྱུང་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྒྱ་ཡངས་པའི་དགོངས་གཞི་ཁག་ལ་ཡིད་རངས་ཆེ་བསྟོད་སོགས་ཞུས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་རྒྱ་གར་བཙན་བྱོལ་དུ་ཕེབས་པ་དེ་ནི་རྒྱ་གར་མི་མང་གི་བསོད་ནམས་དང་སྤོབས་པ་བྱེད་དགོས་པ་ཞིག་ཡིན་པ་མ་ཟད། ༸སྐུའི་འཁྲུངས་སྐར་ལ་མཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་མདུན་བཅས་ཀྱང་གནང་ཡོད། The post རྒྱ་གར་རྒྱལ་ས་ལྡི་ལིར་དགའ་སྐྱོ་ཟུང་འབྲེལ་གྱི་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི། appeared first on vot.
-
-12
འཛམ་གླིང་ས་ཕྱོགས་གང་སར་ལས་རིམ་འདྲ་མིན་བརྒྱུད་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི།
ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཁུལ་དེར་གསར་དུ་བཞེངས་པའི་བོད་མིའི་སྤྱི་ཁང་གསར་པ་དབུ་འབྱེད་གནང་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་ཉིན་འབྲས་ལྗོངས་མངའ་སྡེའི་གཞུང་གིས་འགྲོ་གྲོན་འོག་གསར་རྒྱག་གནང་བའི་བོད་མིའི་སྤྱི་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Sigh Tamang མཆོག་དང་འབྲས་ལྗོངས་མངའ་སྡེའི་ཆོས་དོན་བློན་ཆེན་བསོད་ནམས་བླ་མ་ལགས་དང་རིག་གཞུང་དང་འཕྲོད་བསྟེན་བློན་ཆེན་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་སྒང་ཏོག་ས་གནས་འགོ་འཛིན། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་ཞུགས་གནང་ཡོད་པ་དང་། སྐབས་དེར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ད་རེས་༸རྒྱལ་བའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་དང་བསྟུན་འབྲས་ལྗོངས་མངའ་སྡེ་གཞུང་གིས་འགྲོ་གྲོན་འོག་བོད་མིའི་སྤྱི་ཁང་གསར་པ་ལེགས་གྲུབ་ཀྱིས་དབུ་འབྱེད་གནང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་སྤྱི་ཁང་གསར་པ་དེའི་ནང་ལས་དོན་གལ་ཆེན་གཉིས་བསྒྲུབ་རྒྱུའི་ཁོངས་ནས་གཅིག་ནི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་གཉིས་པ་གསར་རྒྱག་གནང་བའི་བོད་མིའི་སྤྱི་ཁང་གསར་པ་དེ་དབུ་འབྱེད་གནང་རྒྱུ་དེ་རེད་ཅེས་གསུངས་ཏེ་འདི་ནི་འབྲས་ལྗོངས་ནང་གི་བོད་མི་ཚོར་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་འདི་ལོའི་༸སྐུའི་འཁྲུངས་སྐར་ཉིན་ནས་རྩིས་སྤྲོད་བྱ་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་གལ་གནད་སྐོར་མང་ཚོགས་ལ་ངོ་སྤྲོད་དང་ཚང་མའི་དེའི་ཐོག་ཐུགས་སྣང་དང་མི་ཚེའི་ནང་གང་ཡོང་ལག་བསྟར་གནང་པ་ཡིན་ན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་གསུངས་འདུག མ་ཟད་མཛད་སྒོའི་ཐོག་ཕེབས་པའི་འབྲས་ལྗོངས་མངའ་སྡེའི་རིག་གཞུང་དང་འཕྲོད་བསྟེན་བློན་ཆེན་མཆོག་གིས་༸རྒྱལ་བའི་འཁྲུངས་སྐར་ཉིན་འབྲས་ལྗོངས་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ༸སྐུ་ཁམས་གསལ་ཐང་དང་འཛམ་གླིང་ཁྱོན་དུ་༸གང་ཉིད་མཆོག་གི་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་འདུག ཕྱོངས་མཚུངས་༸རྒྱལ་བའི་འཁྲུངས་སྐར་གྱི་ཉིན་གཉིས་སྔོན་གོང་དུ་བྱམས་བརྩེའི་ལོ་མཇུག་སྒྲིལ་བའི་སྐབས་དང་བསྟུན། པེ་རི་སི་གྲོང་ཁྱེར་དུ་བོད་ཀྱི་སྲང་ལམ་དབུ་འབྱེད་དང་ France གི་སྤྱི་པའི་ས་ཆ་ཞིག་ཏུ་བོད་བརྒྱུད་ནང་བསྟན་གྱི་མཆོད་རྟེན་ཐོག་མ་གསར་རྒྱག་གི་རྨང་རྡོ་འཛུགས་རྒྱུའི་དུས་དྲན་གཉིས་འཛོམས་ཀྱིས་དམིགས་བསལ་མཛད་སྒོ་ཞིག་སྐོང་འཚོགས་གནང་ཡོད་པ་དང་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོར་བྱམས་བརྩེ་དང་། འཚེ་མེད་ཞི་བ། གྲོས་མོལ། འགྲོ་བ་མིའི་རིན་ཐང་སྤྱི་ཡོངས་ལ་བཅངས་པའི་ཆོད་སེམས་ལ་ཆེ་བསྟོད་ཞུ་ཆེད་དང་བྱེད་སྒོ་འདིས་རིག་གཞུང་སྣ་མང་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཡོངས་ལ་ཞི་བདེ་གོང་འཕེལ་གཏོང་བའི་གལ་ཆེན་རང་བཞིན་ཡང་གསལ་སྟོན་གནང་འདུག སྐབས་དེའི་མཛད་སྒོ་ཐོག་ Levallois-Perre གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་གཞོན་པ་རྣམ་གཉིས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། དེ་བཞིན་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་རིག་པ་བའི་སྐུ་ཚབ། གཞན་ཡང་བོད་མི་དང་གཞོན་སྐྱེས་དང་བླངས་ཞུ་གཏུག་ཚོགས་པའི་སྐུ་ཚབ་དང་མགྲོན་འབོད་ཞུས་པའི་སྐུ་ཚབ་མང་དག་ཅིག་ཕེབས་ཡོད་པའི་སར། གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་ Agnès Pottier-Dumas ལགས་ཀྱིས་ལས་གཞི་འདི་དག་གིས་ས་གནས་སྲིད་གཞུང་ནས་བོད་མི་རྣམས་ཀྱི་ཞི་བ་དང་དྲག་པོ་མ་ཡིན་པའི་ཐབས་ལམ་བརྒྱུད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅེས་དང་འདི་དག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་དང་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་དམིགས་པའི་དགོངས་གཞི་མངོན་གྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་བཟང་སྤྱོད་རིན་ཐང་རྣམས་ད་དུང་འཛམ་གླིང་ཡོངས་ཀྱི་མི་མང་ལ་སེམས་ཤུགས་འཕར་མ་སྦྱིན་བཞིན་ཡོད་ཅེས་གསུངས་འདུག གཞན་ཡང་ཟླ་བ་འདིའི་ཚེས་ ༥ རེས་གཟའ་ཉིན་མ་དང་སྟབས་བསྟུན་ལྷོ་ཨ་རི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བོད་ཁང་དུ་༸རྒྱལ་བའི་འཁྲུངས་སྐར་གྱི་མཛད་སྒོ་ཞིག་འཚོགས་པའི་ཐོག་དམིགས་བསལ་སྐུ་མགྲོན་ཁག་གཅིག་དང་བོད་ཁང་ཚོགས་གཙོ་བླ་མ་རིན་ཆེན་གཙོས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ནས་མཉམ་ཞུགས་གནང་འདུག་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་ཐུབ་བསྟན་དབང་ཆེན་ལགས་ནས་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་། རྒྱ་ནག་གི་ཁྲིམས་ཡིག་གསར་པས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། ལྷག་པར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་དང་། སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོས་འཛིན་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱི་འདས་མཆོད་སྨོན་ལམ་གསུང་འདོན་ཡང་གནང་འདུག མ་ཟད་འདི་ཚེས་ ༤ ཉིན་ཇི་ནི་ཝ་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཁུལ་དེར་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་དང་དུས་མཉམ་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པའི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་འདུག མཛད་སྒོར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་ལོ་ལྟར་རྒྱལ་སྤྱིའི་ཁྲོད་བོད་མི་གནས་སྡོད་ས་གནས་གང་ས་ནས་༸གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་དང་འབྲེལ་གཞས་སྣ་འཁྲབ་སྟོན་གནང་རྒྱུའི་ལམ་སྲོལ་ཡོད་ཀྱང་ད་རེས་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་ནས་རང་ལུས་མེར་བསྲེགས་ཀྱི་མཆོད་འབུལ་གནང་ཡོད་པར་བརྟེན་ཐེངས་འདིའི་མཛད་སྒོར་སྔར་དང་མི་འདྲ་བའི་འགྱུར་བ་ཕྲན་ཙམ་བྱུང་སྟེ་ཐོག་མར་དམ་པ་དེ་ཉིད་ཀྱི་སླད་མཆོད་འབུལ་སྨོན་ལམ་དང་དེ་རྗེས་འཁྲུངས་སྐར་གྱི་སྤྲི་གོར་བཏུབ་ནས་རྟེན་འབྲེལ་མཚོན་ཆེད་སློབ་ཕྲུག་ཚོས་གཞས་སྣ་གཅིག་གཉིས་ཙམ་གཟིགས་འབུལ་ཞུས་པ་ལས་གཞན་རྣམས་ཕྱིར་འཐེན་གནང་ཡོད་འདུག དེ་བཞིན་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་ངོས་ནས་༸རྒྱལ་བའི་འཁྲུངས་སྐར་དང་བསྟུན་སྦར་སིལ་དུ་རྟེན་གཞི་བྱས་པའི་སོ་བེ་ (Sovay) དཔེ་མཛོད་ཁང་དུ་གཞུང་ཚབ་པ་དང་། ཡུ་རོབ་དང་རྒྱལ་ཡོངས་གྲོས་ཚོགས་འཐུས་མི། ཡུ་རོབ་མཐུན་ཚོགས་ཀྱི་གནད་ཡོད་གཞུང་འབྲེལ་མི་སྣ། གྲོང་སྡེའི་སྤྱི་ཁྱབ་པ་དང་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ། གསར་འགོད་པ། གྲོས་ཚོགས་ཀྱི་ཕྱག་རོགས། […] The post འཛམ་གླིང་ས་ཕྱོགས་གང་སར་ལས་རིམ་འདྲ་མིན་བརྒྱུད་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི། appeared first on vot.
-
-13
ལ་དྭགས་སུ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་༸གང་ཉིད་མཆོག་དགུང་ལོ་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ།
དེ་རིང་ཕྱི་ཟླ་ ༧ ཚེས་ ༦ ཉིན་མོ་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་ཡིན་པ་ལྟར། དེ་རིང་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་ཆགས་པའི་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་ཐོག་ཕྱི་ནང་མང་ཚོགས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་ངང་༸རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། ༸གོང་ས་མཆོག་གིས་སྐབས་དེར་ས་གནས་འདི་ལྟ་བུར་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་༸གང་ཉིད་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་གསོལ་འདེབས་ཞུ་བཞིན་པ་བཞིན། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་འཛམ་གླིང་ཡོངས་ལ་མིག་ལྟོས་བཟང་པོ་ཞིག་ཡོང་རྒྱུ་ཐུགས་སྨོན་དང་འབྲེལ། དགུང་ལོ་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་གནང་སོང་། དེའང་༸གོང་ས་མཆོག་དེ་རང་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་གྱི་ཐོག་ལ་དྭགས་ཡུལ་མི་སོགས་དད་ལྡན་སྟོང་ཕྲག་མང་པོས་རུ་སྒྲིག་གིས་དཀར་གཙང་མཇལ་དར་དང་མེ་ཏོག བདུག་སྤོས་ཐོག་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་མཛད་སྒོའི་ཚོམས་ཆེན་དུ་ཞབས་སོར་འཁོད་རྗེས། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་དབུ་ཁྲིད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག གཞན་ཡང་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ཐུགས་སྲས་རིན་པོ་མཆོག་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མཛད་སྒོ་དབུ་འཛུགས་གནང་སོང་། དེ་རྗེས་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས་ཀྱིས་ལ་དྭགས་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་འཁྲུངས་སྐར་འཚམས་འདྲི་དང་། ༸གོང་ས་མཆོག་ཉེ་ལམ་ཞབས་པུས་སྨན་བཅོས་མཛད་ནས་ཉིན་རེ་བཞིན་༸སྐུའི་འཕྲོད་བཞེས་ཡར་རྒྱས་བྱུང་བར་དགའ་སྤྲོ་དང་། སྔར་ལམ་བཞིན་གསུང་ཆོས་རྭ་བ་དེའི་ནང་༸གོང་ས་མཆོག་གི་དྲུང་ནས་བཀའ་སློབ་དང་བཀའ་ཆོས་ཡང་བསྐྱར་ཐོབ་པའི་རེ་བ་ཡོད་སྐོར་གསུངས་སོང་། ལྷག་པར་དེ་རིང་གི་མཛད་སྒོ་དེའི་སླད་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་མཛད་གཙོ་རྣམ་པ་ཆེད་མངགས་ལ་དྭགས་སུ་ཆེད་ཕེབས་གནང་བ་ལྟར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་སྐད་ཐོག་བཀའ་ཤག་གི་གསུང་འཕྲིན་ནང་གཙོ་བོ་འདས་པའི་ལོ་གཅིག་རིང་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་ཡུལ་གྲུ་གང་སར་༸རྒྱལ་བའི་གོ་སྟོན་གྱི་ལོ་དེ་བྱམས་བརྩེའི་ལོར་སྲུང་བརྩི་གཟབ་རྒྱས་ཞུས་པའི་ལས་གཞི་ཆེ་གྲས་ཁག་སྙན་སེང་ཞུས་པ་དང་འབྲེལ།  བོད་མི་རྣམས་ཀྱིས་བྱམས་བརྩེའི་ལོ་འཁོར་འདི་ལོ་ཡུན་གཅིག་ནང་རྫོགས་འགྲོ་བ་ཞིག་ལ་ངོས་འཛིན་མི་བྱེད་པར། སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ མི་རེ་ངོ་རེས་ཉིན་ཟླ་ལོ་བརྩེགས་ཀྱིས་མི་ཚེ་ཧྲིལ་པོར་ཉམས་ལེན་ལ་འབད་འབུངས་ཡོང་བའི་རེ་སྐུལ་ཞུས་གནང་སོང་། སྤྱིར་སྲིད་སྐྱོང་མཆོག་གིས་དེ་རིང་གི་དུས་ཚིགས་དེའི་ཐོག་དབྱིན་སྐད་ནང་འཁྲུངས་སྐར་གྱི་འཚམས་འདྲི་དང་༸སྐུའི་མཛད་རྗེས་ཁག དེ་བཞིན་བྱམས་བརྩེ་ལོའི་ལས་གཞི་སྐོར་མ་གཏོགས་ཆབ་སྲིད་སྐོར་གང་ཡང་གསུངས་མེད་ཀྱང་། དེ་རིང་གི་དུས་ཚིགས་དང་འབྲེལ་བའི་བཀའ་ཤག་གི་གསུང་འཕྲིན་ནང་ཉེ་ལམ་རྒྱལ་ཚོགས་ཀྱི་མདུན་དུ་རང་གི་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་དབུས་ད་བར་བོད་ནང་བོད་མི་ ༡༥༧ ཙམ་གྱི་དེ་ལྟ་བུའི་ལས་འགུལ་སྤེལ་བ་ལུང་འདྲེན་དང་འབྲེལ། བཀའ་ཤག་ངོས་ནས་རྒྱ་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་ ༡ ཉིན་ནས་ལག་བསྟར་འགོ་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ཟེར་བར་དམིགས་པའི་ཐབས་ཇུས་འཆར་སྒྲིག་བྱེད་འགོ་ཚུགས་པ་དང་། གཞིས་བྱེས་བོད་མི་ཡོངས་ནས་དེར་བསྟུན་གྱི་གདོང་ལེན་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས་མི་རིགས་ཕན་ཚུན་འདྲ་མཉམ་དང་མཐུན་སྒྲིལ་གྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་སླད་ཁྲིམས་ཡིག་དེ་འཕྲལ་དུ་ཕྱིར་བསྡུ་དང་། ལག་བསྟར་མཚམས་འཇོག་དགོས་པའི་དགོས་འདུན་སོགས་འཁོད་འདུག མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་ནས་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དམིགས་བསལ་འཚམས་འདྲི་དང་འབྲེལ་༸རྒྱལ་བའི་སྐུ་ཚེ་ཧྲིལ་པའི་མཛད་རྗེས་ལ་ཆེ་བསྟོད་དང་་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། བོད་མི་ཡོངས་ནས་༸སྐུའི་ཐུགས་སྐྱེས་བཞི་པོར་སློབ་སྦྱོང་དང་། ལག་ལེན་དོན་འཁྱོལ་ཡོང་ཐབས་བྱེད་དགོས་པའི་ལམ་སྟོན་གནང་བ་མ་ཟད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞལ་འཆེམས་ངོ་སྤྲོད་གནང་སྟེ། རྒྱ་གཞུང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱིས་བོད་ནང་དྲག་གནོན་མཚམས་འཇོག་དང་། བོད་རྒྱ་འབྲེལ་མོལ་འཕྲལ་དུ་སླར་གསོ་དགོས་པའི་ཞུ་སྐུལ་གནང་སོང་། གཞི་རྩའི་དེ་རིང་གི་༸རྒྱལ་བའི་འཁྲུངས་སྐར་གྱི་མཛད་སྒོ་འདི་བཞིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མཛད་སྒོའི་ཐོག་གཞན་ཡང་ལ་དྭགས་ཁ་ཆེ་མང་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Ashraf Ali Barcha མཆོག་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ལ་ཆེ་བསྟོད་ཞུས་པ་མ་ཟད། ལ་དྭགས་ཟློས་གར་ཚོགས་པའི་དབུ་འཛིན་མི་ཕམ་འོད་ཚལ་ལགས་ཀྱི་སྣེ་ཁྲིད་འོག་གཏམ་བརྗོད་དང་ལ་དྭགས་ཆུ་ཤོད་སྒྲོང་སྡེ་ནས་ལོ་གསར་ཀྱི་བརྟེན་འབྲེལ་ཞེས་གཟིགས་འབུལ། […] The post ལ་དྭགས་སུ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་༸གང་ཉིད་མཆོག་དགུང་ལོ་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ། appeared first on vot.
-
-14
ནིའུ་ཡོག་ཏུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་ཕུང་གཟི་བརྗིད་ལྡན་པའི་ངང་གདན་ཞུས་ཀྱི་ཞུགས་འབུལ་གནང་རྒྱུ།
རྒྱ་གར་ནང་གི་དེ་རིང་ཉིན་རྒྱབ་དང་ཨ་རིའི་ནང་གི་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་གཟི་བརྗིད་ལྡན་པའི་ངང་ནིའུ་ཡོག་དང་ནིའུ་ཇར་སི་ཕུན་ཚོགས་བདེ་ཞི་ཚོགས་ཁང་ནང་གདན་ཞུས་ཀྱིས་བསྔོ་སྨོན་གསུང་འདོན་གནང་རྗེས་ཞུགས་འབུལ་གནང་རྒྱུ་རེད་འདུག དེ་ཡང་ཡོངས་གྲགས་སུ་བློ་དགའ་རང་བཙན་དང་དངོས་མིང་བློ་བཟང་དཔལ་ལྡན་ལགས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཐོ་རེངས་དང་ཨ་རིའི་ནང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤.༤༩ ཙམ་ལ་ངོ་དེབ་ཐོག་ཐད་གཏོང་བརྒྱུད་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་ལྟར། དེ་རིང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་མི་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་ཆེད་བློས་གཏོང་གནང་བར་རྗེས་དྲན་དང་གུས་འདུད་ཞུ་ཕྱིར་རྒྱ་གར་ནང་གི་ཉིན་རྒྱབ་དང་ཨ་རིའི་ནང་གི་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥ ཙམ་ལ་དམ་པ་ཁོང་གི་སྐུ་ཕུང་གཟི་བརྗིད་ལྡན་པའི་ངང་ Bellevue སྨན་ཁང་ནས་ནིའུ་ཡོག་དང་ནིའུ་ཇར་སི་ཕུན་ཚོགས་བདེ་ཞི་ཚོགས་ཁང་ནང་གདན་ཞུས་ཀྱིས་ཉིན་རྒྱབ་ཆུ་ཚོད་ ༡༢ བར་བསྔོ་སྨོན་གསུང་འདོན་གནང་རྗེས་སྐུ་ཕུང་ Brooklyn དུར་འཇུག་ཁང་དུ་ཞུགས་འབུལ་གནང་རྒྱུ་རེད་འདུག སྨོན་ལམ་གསུང་འདོན་ཐོག་༸སྐྱབས་རྗེ་ཆོས་འཁོར་རིན་པོ་ཆེ་མཆོག་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་པ་རྣམ་པ་གཙོ་བཞུགས་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་དང་ལྷོ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། དེ་བཞིན་སྲིད་ཟུར་བློ་བཟང་སེང་གེ་ལགས་དང་གཞན་ཡང་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་ཡོད་པ་རེད། སྐབས་དེར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པའི་སྤུན་མཆེད་བློ་བཟང་བསམ་གྲུབ་ལགས་ཀྱིས་ཁོང་གི་ནང་མིར་མཚོན་ན་རྒྱུན་དུ་རྒྱ་གཞུང་ལ་ཁ་གཏད་བཅག་ནས་བྱུང་བའི་མི་རིགས་ཤིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་ངོ་སྤྲོད་དང་འབྲེལ་དམ་པ་དེ་ཉིད་ཀྱི་ནང་མིའི་རེ་བར་འཛམ་གླིང་ས་ཕྱོགས་སར་བོད་མི་འདུ་སྡོད་ས་གནས་ཁག་ཏུ་ཕྱི་ཟླ་ ༨ ཚེས་ ༢ ཉིན་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་གནང་ཡོང་བ་དང་ལྷག་པར་དམ་པ་དེ་ཉིད་དགོངས་པ་རྫོགས་པའི་ཉིན་མོ་སྟེ་ཕྱི་ཟླ་ ༧ ཚེས་ ༢ དེ་བཞིན་རྒྱལ་གཅེས་དཔའ་བོ་བློ་དགའ་ལགས་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུ་སླད་ནང་མིའི་ངོས་ནས་ཧུར་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གྲོགས་འདྲིས་ཆེན་པོ་ཡིན་པ་བོད་རང་བཙན་ལས་འགུལ་བ་འཇིགས་མེད་དབུ་རྒྱན་ལགས་གཙོས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ལྷོ་བྱང་ཨ་རིའི་སྤྱི་འཐུས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཅས་ནས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ད་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སྐུ་ལས་བསྐྱོན་པའི་བློས་བཏང་ལ་ཆེ་བསྟོད་ཀྱིས་གསུང་བཤད་གནང་བ་མ་ཟད། དེ་བཞིན་སེར་སྐྱ་མང་ཚོགས་ནས་རིམ་པས་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཐུམ་པའི་རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཐོག་མྱ་ངན་གུས་འདུད་ཀྱི་མཇལ་དར་སྒྲོན་ཏེ་དམ་པ་ཁོང་ལ་མཐའ་མའི་ཞལ་གྱེས་ཞུས་རྗེས་སྐུ་ཕུང་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བརྒྱུད་ Brooklyn དུར་ཁྲོད་དུ་གདན་ཞུས་ཀྱིས་ཞུགས་འབུལ་གནང་རྒྱུ་རེད་འདུག རྩ་བའི་འདས་པའི་ཉིན་ཤས་ནས་བོད་མི་མང་པོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་མུ་མཐུད་འཛོམས་ཏེ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པའི་བློས་གཏོང་གནང་བར་གདུང་ཤུགས་དྲག་པོའི་ཚོར་བ་བཏོན་བཞིན་པའི་ཁྲོད་འདིར། ཁ་ཉིན་ཕྱི་ཚེས་ ༤ ཉིན་བོད་མི་ལས་འགུལ་བ་ཁག་གཅིག་ནས་རྒྱ་ནག་གིས་བཙན་འཛུལ་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་མཁན་རྒྱ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་མཐའ་མའི་ཞལ་འཆེམས་ཀྱི་ཚིག་རྣམས་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་ཀྱི་གྱང་ངོས་སུ་གསལ་བཏོན་གནང་བ་མ་ཟད། དགོང་མོར་ནིའུ་ཡོག་དང་ནིའི་ཇར་སིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མར་མེའི་འོད་སྣང་འོག་ཏུ་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པའི་བློས་གཏོང་དཔའ་ངར་ལ་རྗེས་དྲན་ཞུ་ཆེད་འདུ་འཛོམས་གནང་སྟེ་དམ་པ་དེ་ཉིད་ཀྱིས་བོད་ལ་བཅངས་པའི་བརྩེ་སེམས་དང་སྙིང་སྟོབས། རང་དབང་གི་ཕ་ཡུལ་ཞིག་གི་རྨི་ལམ་བཅས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་འདུག ལྷག་པར་དུ་ཁ་སང་ནིའུ་ཡོག་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག་ཞི་ཅིང་ཕིང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་མ་ཟད། བྱང་ཨ་རི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐུན་མོང་ནས་རྒྱལ་གཅེས་པ་བློ་དགའ་རང་བཙན་ལགས་དམ་པས་བོད་དོན་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་བར་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཨ་རིའི་ནང་གི་ཕྱི་ཚེས་ ༦ ཉིན་རྒྱབ་ཆུ་ཚོད་ ༤ ནས་ ༧ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་རེད་འདུག ཕྱོགས་མཚུངས་ཟླ་བ་འདིའི་ཚེས་ ༣ ཉིན་གྱི་དགོང་མོར་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་བའི་སྐབས། […] The post ནིའུ་ཡོག་ཏུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་ཕུང་གཟི་བརྗིད་ལྡན་པའི་ངང་གདན་ཞུས་ཀྱི་ཞུགས་འབུལ་གནང་རྒྱུ། appeared first on vot.
-
-15
རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་བློ་རྩེ་གཅིག་མཐུན་གྱིས་བོད་དོན་འཐབ་རྩོད་བྱ་རྒྱུ་དམ་བཅའ་བརྟན་པོའི་ཐོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་ཉིན་མཐའ་མར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་མཚོན་པའི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་བོད་ཀྱི་གཞོན་སྐྱེས་རྣམས་བློ་རྩེ་གཅིག་མཐུན་གྱིས་བོད་དོན་འཐབ་རྩོད་བྱ་རྒྱུ་དམ་བཅའ་བརྟན་པོ་ཡོད་པ་མ་ཟད། ༸རྒྱལ་བའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཚོགས་པ་ཁོ་ན་ལ་ཡོད་པ་ལས། གལ་ཏེ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཚེ་ངོས་ལེན་གཏན་ནས་མེད་ཅེས་བསྒྲགས་གཏམ་འདོན་སྤེལ་གནང་སོང་། དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་སྐོང་འཚོགས་གནང་ཡོད་ཅིང་། ཚོགས་ཆེན་གྱི་ཉིན་མཐའ་མར་ཚོགས་བཅར་བ་རྣམས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་ཡོད་པ་དང་། བསྒྲགས་གཏམ་དེའི་ནང་། ཕྱི་ཟླ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱེད་འགོ་ཚུགས་པ་དང་འབྲེལ། བོད་རྒྱལ་ཁབ་ནི་རྒྱ་ནག་གི་དབང་སྒྱུར་འོག་ཉེན་ཚབས་ཆེ་བའི་གནས་སུ་ལྷུང་ཡོད་ཅིང་། ཁྲིམས་ཡིག་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ཆོས་དང་རིག་གཞུང་བཅས་པ་རྩ་མེད་གཏོང་ཐབས་དང་བོད་མི་རིགས་བཙན་དབང་གིས་རྒྱ་ནག་ཅན་དུ་བསྒྱུར་རྒྱའི་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ཞིག་ཆགས་ཀྱི་ཡོད་པར་སྐྱོན་བརྗོད་ཐོག བོད་ཡོངས་ནས་ལྷོད་གཡེང་མེད་པར་མཉམ་རུབ་ཀྱི་འཐབ་རྩོད་བྱ་དགོས་གལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཁ་ཚ་དགོས་གཏུགས་ཀྱི་བར་འཚང་བྱ་དགོས་པའི་དུས་ལ་བསླེབས་ཡོད་པའི་འབོད་སྐུལ་ཞུས་འདུག ཁྲིམས་ལུགས་དེ་ཇི་ཙམ་གྱི་ཛ་དྲག་ཡིན་མིན་ནི། ལག་བསྟར་བྱས་པའི་ཉིན་རྗེས་མར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་ཁོང་གིས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་སྐུ་ལུས་མཆོད་མེར་ཕུལ་པ་དེ་ལས་གསལ་པོར་ཤེས་ཐུབ་པ་དང་། ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་ད་བར་བོད་མིས་སྐུ་ལུས་མེར་མཆོད་ཕུལ་མཁན་རྒྱལ་གཅེས་དཔའ་བོ་ ༡༦༠ ལྷག་བྱུང་ཡོད་པར་ལས་འགུལ་དེ་དག་ནི། རྒྱ་གཞུང་གིས་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བརྒྱུད་བོད་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་སླེབས་ཆེད་དང་། བོད་མིས་རང་རྒྱལ་ཁབ་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་བཞིན་པའི་དྲན་སྐུལ་ཡང་གཏོང་གི་ཡོད་ཅེས་ནན་བརྗོད་གནང་འདུག  ལྷག་པར་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་བློས་བཏང་ལ་རྗེས་དྲན་དང་། ལས་འཕྲོ་མཇུག་སྐྱོང་གཡོལ་ཐབས་མེད་པ་མ་ཟད། བོད་མི་རྣམས་མཐུན་སྒྲིལ་གྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ། རང་དབང་སླར་གསོ་བྱ་རྒྱུ་བཅས་ནི་གཞོན་སྐྱེས་མི་རབས་འདིའི་མཐར་ཐུག་གི་ལས་འགན་ཡིན་པར་དགའ་སྤོབས་ཆེན་པོས་ཕྲག་པའི་སྟེང་དུ་བླང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གསལ་སྟོན་གནང་འདུག དེ་བཞིན་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་ཕ་མེས་ཀྱི་རིག་གཞུང་དང་ཁ་བྲལ་གཏོང་སླད་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོས་ལེན་མེད་པ་དང་། གཞིས་ལུས་སྤུན་ཟླའི་སྙིང་སྟོབས་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་འཐབ་རྩོད་དང་ལས་འགུལ་ལ་ནུས་པ་ཁྱད་པར་ཅན་ཞིག་སྦྱིན་གྱི་ཡོད་ཅིང་། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ཚོགས་པ་གཅིག་པུ་ལ་ཡོད་པ་ལས་རྒྱ་གཞུང་གིས་དེར་ཐེ་བྱུས་བྱས་ཚེ་ངོས་ལེན་རྩ་བ་ནས་མེད་ཅེས་ནན་བརྗོད་གནང་འདུག མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་པའི་གཞོན་སྐྱེས་རྣམས་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ རིག་གཞུང་སོགས་སྦྱང་བརྩོན་བྱ་དགོས་གལ་ཡིན་པ་དང་ཆབས་ཅིག ཤེས་ཡོན་དང་བསམ་པའི་ནུས་པ་གོང་མཐོར་གཏོང་དགོས་པ། ནང་ཁུལ་རྡོག་རྩ་ཆིག་སྒྲིལ། དྲང་བདེན་དང་ཞི་བའི་ལམ་ནས་རང་གི་ཐོབ་ཐང་དང་རང་དབང་ཆེད་འཐབ་རྩོད་བྱ་དགོས་པ། རང་མི་རིགས་ཀྱི་ལོ་རྒྱུས་ཤེས་རྟོགས་ཐོག་ནས་རང་གི་བདག་དབང་རྩོད་ལེན་བྱ་དགོས་པ། ཕ་ཡུལ་ནང་དུ་འབྱུང་བཞིན་པའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་བརྒྱུད་བསྒྲགས་དང་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས་བྱ་དགོས་པའི་ལམ་སྟོན་གནང་སོང་བ་མ་ཟད། རྒྱལ་སྤྱིའི་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་རང་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཡོང་ཐབས་ཀྱི་ལས་དོན་བསྒྲུབ་དགོས་པ་སོགས་གསུངས་སོང་། རྩ་བའི་མཇུག་སྡོམ་མཛད་སྒོའི་ཐོག་གཞན་སྐུ་མགྲོན་དུ་རྒྱ་གར་ Konrad-Adenauer-Stiftung འགན་འཛིན་ལས་རོགས་ཨན་ཇ་ལི་ར་ཝཌ་ Anjali Rawat ལགས། འཇར་མན་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱི་འཇར་མན་དང་པཱོ་ལེནྜ་འབྲེལ་ལམ་ཐོག་མཁས་པ་ཇོ་ནཱསི་ཀོ་ལེ་ཀི་ Jonas Kolecki ལགས། ཟབ་ཁྲིད་པ་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཁྱེད་ཀྱི་ཐོན་རྫས་འདེམས་ཞེས་པའི་ཚོང་ལས་ཁང་གི་འགན་འཛིན་ཚེ་བརྟན་སྒྲོལ་མ་ལགས། […] The post རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དང་བློ་རྩེ་གཅིག་མཐུན་གྱིས་བོད་དོན་འཐབ་རྩོད་བྱ་རྒྱུ་དམ་བཅའ་བརྟན་པོའི་ཐོག་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ། appeared first on vot.
-
-16
བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་བོད་རང་བཙན་དང་ཆོལ་གསུམ་མཐུན་སྒྲིལ་ཆེད་རང་ལུས་མེར་བསྲེགས་བཏང་འདུག
རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་དང་འབྲེལ་རྒྱལ་སྤྱིའི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྣམ་པ་འདྲ་མིན་སྒོ་ནས་ལས་འགུལ་ཤུགས་ཆེ་སྤེལ་དང་སྤེལ་མུས་ཁྲོད། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་ལུས་ལ་བོད་ཆས་སྤྲས་པ་དང་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་བསྲེགས་བཏང་འདུག དེའང་ཡོང་གྲགས་སུ་བློ་དགའ་རང་བཙན་དང་དངོས་མིང་བློ་བཟང་དཔལ་ལྡན་ལགས་ཀྱིས་ངོ་དེབ་ཐོག་ཚོར་ཤུགས་ཆེན་པོའི་སྒོ་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་དང་།  བཙན་བྱོལ་བོད་མི་ཚོར་ཆོལ་གསུམ་ཆིག་སྒྲིལ་དང་། བོད་རང་བཙན་འཐབ་རྩོད་སླད་མཉམ་ལས་དགོས་པའི་སྐུལ་མ་འཁོད་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བ་མ་ཟད། རྒྱ་གར་ནང་གི་དེ་རིང་སྔ་དྲོ་ཐོ་རེངས་དང་ཨ་རིའི་ནང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥:༤༩ ཙམ་ལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱས་པའི་ཐོག་རང་ཉིད་ཀྱི་སྐུ་ལུས་མེར་བསྲེགས་ཀྱིས་སྐར་ཆ་ ༤༠ ཙམ་གཡོ་འགུལ་མེད་པར་འགྲེང་ངེར་བཞེངས་བསྡད་རྗེས་ས་ལ་འགྱེལ་མ་ཐག་ཉེན་རྟོག་པས་མེ་གསོད་པ་ཐད་གཏོང་བརྒྱུད་མཇལ་རྒྱུ་འདུག་ཅིང་། ཉེན་རྟོག་པས་ཁོང་ Bellevue སྨན་ཁང་ལ་འཁྲིད་ཀྱང་ཆུ་ཚོད་ ༧ ཡོལ་ཙམ་ལ་དགོངས་པ་རྫོགས་འདུག ཨ་རིའི་ Philadelphia ནས་ཡིན་པའི་སྐུ་ཞབས་ཐུབ་བསྟན་ཆོས་ཉིད་ལགས་ནི་རྒྱུན་དུ་དམ་པ་དེ་ཉིད་དང་འབྲེལ་བ་ཟབ་མོ་ཡོད་མཁན་ཞིག་ཡིན་པ་དང་རང་ལུས་མེར་མཆོད་མ་ཕུལ་བའི་སྐར་མ་ལྔ་བཅུ་ཙམ་གྱི་གོང་དུ་དམ་པ་ཁོང་དང་ལྷན་དྲྭ་ལམ་བརྒྱུད་བཀའ་མོལ་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་ཁོང་ལ་འབྲེལ་བ་ཞུ་སྐབས། ཁོང་གཙོས་པའི་ཕྱག་རོགས་དྲུག་སྐུ་ལུས་མེ་མཆོད་ཕུལ་ས་རྒྱལ་ཚོགས་མདུན་གྱི་ས་ཚིགས་དེ་རང་ཐོག་བཞུགས་ཏེ་མྱ་ངན་ཞུ་བཞིན་པ་རེད་འདུག བློ་དགའ་རང་བཙན་ལགས་ནི་བོད་ཁམས་དཀར་མཛེས་ཁུལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ནས་ཡིན་པ་དང་། ཆུང་དུ་རབ་ཏུ་བྱུང་རྗེས་ ༡༩༩༠ གོ་གྲངས་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་དགོན་པའི་ནང་ཆོས་བཞུགས་ཀྱིས། ཕྱི་ལོ་ ༢༠༠༦། ༢༠༠༧ ཙམ་ལ་ཨ་རིར་གནས་སྤོས་ཀྱིས་རྒྱུན་ལྡན་བོད་རང་བཙན་སླད་ལས་དོན་རིམ་པ་གཉེར་མཁན་ཞིག་ཡིན་པ་མ་ཟད། དགོངས་པ་མ་རྫོགས་གོང་དུ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་རེད་འདུག སྤྱིར་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱིས་སྐུ་ལུས་མེར་མཆོད་མ་ཕུལ་གོང་བརྙན་ཐུང་བརྒྱུད་ཞལ་འཆེམས་བཞག་པའི་ནང་བོད་ནང་གི་བོད་མི་ཚོར་གང་ཡང་ཞུ་རྒྱུ་མེད་པར་གཙོ་བོ་བཙན་བྱོལ་བོད་མི་རྣམས་ལ་ཆོལ་གསུམ་ཆིག་སྒྲིལ་སྒོ་ནས་བོད་རང་བཙན་སླད་མཉམ་ལས་དགོས་པའི་སྐུལ་མ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་མི་རིགས་ཡོངས་སུ་རྫོགས་པར་ཆོལ་གསུམ་དབྱེར་མེད་ཀྱིས་དྲག་གནོན་བྱས་པ་དང་། ད་ལྟའི་ཆར་བོད་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ཆ་ཚང་བོད་རང་བཙན་ཤོར་བའི་རྒྱུ་མཚན་རྐྱེན་གྱིས་ཡིན་པ་ནན་སྐུལ་གནང་འདུག རྒྱལ་གཅེས་པ་དམ་པ་དེ་ཉིད་ཀྱིས་ད་དུང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་དེ་ཁོང་ལ་ཟ་རྒྱུ་འཐུང་རྒྱུ་མེད་པར་མ་ཡིན་པར་བོད་རྒྱལ་ཁབ་དོན་དུ་སྤེལ་གྱི་ཡོད་སྟབས། བོད་མི་རྣམས་ཀྱིས་ཁོང་གི་ལས་འགུལ་དེའི་རྐྱེན་པས་སླེབས་ལ་ཉེ་བའི་༸རྒྱལ་བའི་འཁྲུངས་སྐར་གྱི་དགའ་བསུ་དང་སྒོར་གཞས་སོགས་མཚམས་འཇོག་མ་བྱེད་པར་གཙོ་བོ་ཁོང་གི་བོད་རྒྱལ་ཁབ་དོན་དུ་བཅངས་བའི་རེ་སྐུལ་དེ་གྲུབ་སླད་མཉམ་ལས་དགོས་པའི་ཞུ་སྐུལ་གནང་འདུག སྤྱིར་ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་གཞོན་ནུའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཁྲོད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་རྗེས། ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ཁྱོན་ ༡༧༠ ལྷག་གིས་འ་ཆད་འུ་ཐུག་འོག་རང་ལུས་མེར་བསྲེགས་བརྒྱུད་བོད་དོན་ཆེད་རང་གིས་གཅེས་པའི་ལུས་སྲོག་བློས་གཏོང་གི་གནས་ཚུལ་རིམ་པ་ཐོན་པ་མ་ཟད། བོད་ནང་རང་ལུས་མེར་བསྲེགས་ཁྱོན་ ༡༥༦ ཙམ་བྱུང་བའི་ཁོངས་ནས་ ༡༣༦ ཙམ་འདས་གྲོངས་སོང་བ་དེ་ལྟར་ཡང་། ད་རེས་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་བ་དེ་ནི་ཨ་རིའི་དེ་འབྲེལ་གནས་ཚུལ་ཐོག་མ་དེ་ཆགས་ཡོད། དེ་རིང་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་བློ་དགའ་རང་བཙན་ལགས་དམ་དེ་ཉིད་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུས་པ་མ་ཟད། སྲིད་སྐྱོང་མཆོག་གིས་གསར་འགོད་པར་རྒྱ་ནག་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པ་དེས་དམ་པ་དེ་ཉིད་དབུས་པའི་བོད་མི་མང་པོའི་སེམས་ལ་རྨ་ཁ་བཟོས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁོང་གིས་རང་གིས་གཅེས་པའི་ལུས་སྲོག་བློས་གཏོང་གནང་བ་དེ་ཕངས་པོ་ཡིན་པ་དེ་ལྟར་ཡང་ཀུན་སློང་རྒྱ་ཆེ་བཞེས་པའི་ཐོག་བོད་སྤྱི་བའི་དོན་དུ་ལས་འགུལ་དེ་ལྟར་སྤེལ་བ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། དེའི་ནུས་པ་དང་གྲུབ་འབྲས་དུས་ཚོད་འགོར་མིན་ལ་མ་ལྟོས་པར་ངེས་པར་དུ་སྨིན་རྒྱུ་ཡིན་པའི་སྨོན་འདུན་ཞུས་གནང་སོང་། དམ་པ་ཁོང་ Bellevue སྨན་ཁང་དུ་དགོངས་པ་རྫོགས་པའི་གནས་ཚུལ་དྲྭ་ལམ་ཁག་ཏུ་ཐོན་མ་ཐག […] The post བློ་དགའ་རང་བཙན་ལགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་བོད་རང་བཙན་དང་ཆོལ་གསུམ་མཐུན་སྒྲིལ་ཆེད་རང་ལུས་མེར་བསྲེགས་བཏང་འདུག appeared first on vot.
-
-17
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་འགོ་འཛུགས།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་འགོ་འཛུགས་གནང་སོང་བ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བར་མྱ་ངན་གུས་འདུད་དང་འབྲེལ། བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་སྤྱི་པའི་རྩ་དོན་ཐོག་འབད་སྤུངས་གནང་དགོས་ཤིང་། སོ་སོའི་མི་རིགས་ཀྱི་སྐད་དང་རིག་གཞུང་རྒྱུན་འཛིན་ཐོག་ཡུལ་ལུང་སོ་སོའི་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་ནང་མཉམ་ཞུགས་གནང་དགོས་རྒྱུའི་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་། དེ་ཡང་ཚོགས་ཆེན་འདི་བཞིན་དེ་རིང་ཕྱི་ཟླ་ ༧ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་འཇར་མ་ནཱི་གྲོས་ཚོགས་འཐུས་མི་ལས་ཁུངས་ཀྱི་འཇར་མ་ནཱི་དང་པཱོ་ལེནྜ་འབྲེལ་ལམ་གྱི་མཁས་པ་ Jonas Kolecki ཇོ་ནཱས་ཀོ་ལེག་ཀི་མཆོག་གིས་དབུས་པའི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་རིན་ཆེན་ལགས། དེ་བཞིན་གསུང་བཤད་པ་དང་ཟབ་ཁྲིད་པ། ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། རྒྱལ་ཁབ་ཁག་ ༡༣ ནས་བོད་ཀྱི་གཞོན་སྐྱེས་ཚོགས་བཅར་བ་ ༩༨ མཉམ་ཞུགས་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་ཁ་སང་ཨ་རིའི་ནིའུ་ཡོག་ནང་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་རྒྱལ་གཅེས་དཔའ་བོ་དམ་པ་བློ་དགའ་ལགས་ཀྱི་རང་ལུས་མེར་བསྲེགས་གནང་སྟེ། སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་པར་སྐུ་མགྲོན་གཙོས་པའི་ཚོགས་བཅར་བ་ཡོངས་ནས་མྱ་ངན་གུས་འདུད་ཞུས་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་འབྲེལ། ཚོགས་བཅར་བ་བོད་པའི་གཞོན་སྐྱེས་རྣམས་ལ་མ་འོངས་བོད་ཀྱི་འཐབ་རྩོད་མུ་མཐུད་གནས་ཐུབ་དང་མི་ཐུབ་ཅེས་པ་དེ་བོད་པའི་གཞོན་སྐྱེས་རྣམས་ལ་རག་ལུས་ཡོད་པ་ལས་གཞན་སུ་ལའང་རག་ལུས་ཀྱི་མེད་པ་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་སོ་སོའི་བོད་པའི་གཞོན་སྐྱེས་རྣམས་ལ་དམིགས་ནས་ལས་དོན་རིམ་པ་གནང་བའི་ཁྲོད། བཀའ་ཤག་སྐབས་ ༡༦ སྔོན་ལ་ལྔ་དང་ལྔ་བཅུ་ཚོགས་ཆེན་གོ་སྒྲིག་གནང་ཡོད་པར་ཕན་ཐོགས་བྱུང་ཡོད་པ་གསུངས་སོང་། དེ་བཞིན་འགོ་ཁྲིད་ཆགས་པ་ལ་གནས་ཚུལ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་ཞིང་། དེའི་ཁྲོད་ནས་སོ་སོ་རང་ཉིད་ཀྱི་གནས་སྟངས་དང་རྒྱབ་ལྗོངས་ཤེས་དགོས་པ་མ་ཟད། ཚོགས་ཆེན་འདི་གྲུབ་རྗེས་སོ་སོའི་ས་གནས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་དང་གསར་འགོད་པ་སོགས་དང་འབྲེལ་བ་བཟོས་ནས་ནུས་པ་མཉམ་སྤུངས་ཐོག་བོད་དོན་ཞུ་གཏུག་གནང་རྒྱུའི་དམིགས་ཚད་བཟུང་དགོས་པའི་ལམ་སྟོན་གནང་སོང་།  དེ་བཞིན་སྐུ་མགྲོན་གཙོ་བོ་འཇར་མ་ནཱི་གྲོས་ཚོགས་འཐུས་མི་ལས་ཁུངས་ཀྱི་འཇར་མ་ནཱི་དང་པཱོ་ལེནྜ་འབྲེལ་ལམ་གྱི་མཁས་པ་ Jonas Kolecki ཇོ་ནཱས་ཀོ་ལེག་ཀི་མཆོག་གིས་གསུང་བཤད་གནང་བའི་ཁྲོད། བོད་པའི་གཞོན་སྐྱེས་རྣམས་ནས་ཡུལ་ལུང་སོ་སོའི་ཆབ་སྲིད་ཚོགས་པ་དང་སྒྲིག་འཛུགས་ཁག་ལ་ཞུ་གཏུགས་ཀྱིས་ལས་འགན་འཁུར་དགོས་པའི་འབོད་སྐུལ་དང་འབྲེལ། ས་གནས་གཞུང་གི་སྒྲོམ་གཞི་བཅས་ཀྱི་ནང་ཆ་ཤས་བླངས་ཏེ། འཇམ་པོའི་ནུས་སྟོབས་རྒྱ་སྐྱེད་གནང་དགོས་ཤིང་། ཁོང་རང་ཉིད་ German Polish འཇར་མཱན་པཱོ་ལིཤ་ཡིན་པའི་སྒེར་གྱི་རྒྱབ་ལྗོངས་ཐོག་ནས་གཞིགས་ན། པཱོ་ལེནྜ་རྒྱལ་ཁབ་ཀྱི་གཞོན་སྐྱེས་རྣམས་ནས་སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་རྒྱུན་འཛིན་བྱས་ཏེ་མཐར་ཕྱི་ལོ་ ༡༩༡༨ ལོར་མི་ལོ་ ༡༢༣ རྗེས་ལ་རང་བཙན་ཐོབ་སྟེ་ཡོ་རོབ་ནང་རྒྱལ་ཁབ་སླར་གསོ་ཐུབ་པ་བྱུང་ཡོད་ཅེས་དྲན་སྐུལ་དང་འབྲེལ། གནས་སྟངས་དེ་ནི་བོད་པའི་འཐབ་རྩོད་དང་འབྲེལ་བ་ཡོད་སྟབས། བོད་མི་གཞོན་སྐྱེས་མི་རེ་ངོ་རེ་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དང་བརྒྱུད་སྤེལ་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པར། དེའི་བརྒྱུད་ནས་བོད་མི་རིགས་ཀྱི་ངོ་བོ་དང་འཐབ་རྩོད་རྒྱུན་གནས་ཐུབ་རྒྱུ་ཡིན་པ་སོགས་གསུངས་སོང་། གསར་འགོད་པ་དང་རྩོམ་པ་པོ། བོད་དོན་ཆེད་མཁས་པ་ […] The post རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་འགོ་འཛུགས། appeared first on vot.
-
-18
བཞུགས་སྒར་དུ་སྐད་འབོད་དང་གོ་རྟོགས་ཀྱི་ལས་འགུལ་བརྒྱུད་ནས་རྒྱ་ནག་གི་ཁྲིམས་གསར་པར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་སོང་།
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་བཙན་དབང་གི་མི་རིགས་མཉམ་འདྲེས་ལ་དམིགས་པའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༧ པའི་ཚེས་ ༡ སྟེ་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་ ༡༠༥ འཁོར་བའི་ཉིན་མོ་དང་བསྟུན་ཁྲིམས་དེ་ལག་བསྟར་བྱེད་འགོ་འཛུགས་ཀྱི་ཡོད་པ་ལྟར། རྒྱལ་སྤྱི་ཁྱོན་གྱི་བོད་མི་གནས་སྡོད་གང་སར་དེ་རིང་ Global Day of Action ཞེས་རྒྱ་ནག་གི་ཁྲིམས་གསར་པ་དེའི་སྐོར་གོ་རྟོགས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་ཁྲོད། བཞུགས་སྒར་རྡ་རམ་ས་ལར་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག སྐད་འབོད་དང་གོམ་བགྲོད་སོགས་ཀྱི་ལམ་ནས་རྒྱ་ནག་གི་ཁྲིམས་གསར་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་སོང་། དེ་ཡང་དེ་རང་སྔ་དྲོ་ཕྱག་ཚོད་ ༡༡ ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་གོ་སྒྲིག་འོག མེག་གྷན་ཁྲོམ་གཞུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དཔའ་བོའི་རྡོ་རིང་བར་བོད་ཀྱི་རྒྱལ་དར་དང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་དེར་ངོས་ལེན་མེད་པ་དང་། དེ་ནི་མི་རིགས་མཐུན་སྒྲིལ་གྱི་མིང་བྱང་འོག་རྒྱ་ནག་གིས་སྡུག་རྩུབ་ཀྱི་སྲིད་བྱུས་ཁྲིམས་མཐུན་བཟོ་བཞིན་པ་སོགས་ཀྱི་འཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་སོང་བ་དང་། གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་གི་མདུན་དུ་རྒྱ་ནག་གི་མི་རིགས་མཉམ་འདྲེས་ཀྱི་ཁྲིམས་གསར་པ་དེར་ངོ་རྒོལ་གྱི་ཚིག་བརྗོད་འཁོད་པའི་འཕྲེད་དར་དང་། ཞི་ཅིན་ཕིང་གི་འདྲ་གཟུགས་སྤྲས་པའི་མི་ཞིག་གིས་སྟ་རེ་འཁུར་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་པའི་རྣམ་པ་མངོན་གསལ་གནང་བའི་ཐོག དེ་རིང་གི་ལས་འགུལ་དང་འབྲེལ་ནས་ཚོགས་པ་བཞིའི་བསྒྲགས་གཏམ་ཨིན་བོད་སྐད་ཡིག་གཉིས་ཀྱི་ཐོག་སྒྲོག་སྦྱངས་གནང་སོང་བའི་ནང་དུ། དེ་རིང་རྒྱ་ནག་གི་ཁྲིམས་གསར་པ་དེ་ལག་བསྟར་དང་འབྲེལ་ནས་བོད་མི་རིགས་ཀྱི་སྐད་དང་ཡི་གེ ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་རྣམས་ཁྲིམས་མཐུན་བཟོས་པ་དང་། བོད་མི་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་རང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་འགུལ་རྣམས་ཉེས་དོན་དུ་རྩིས་ཏེ། མི་རིགས་གཅིག་འགྱུར་དང་སྤྱི་སྐད་གོང་འཕེལ་གྱི་མིང་བྱང་འོག་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་ལས་དོན་ཇེ་མགྱོགས་སུ་བཏང་ཡོད་པ་སོགས་མངོན་གསལ་དང་སྦྲགས། བོད་མིའི་ངོས་ནས་རྒྱ་ནག་གི་ཁྲིམས་གསར་པ་ལག་བསྟར་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་ངོས་ལེན་མེད་པ་མ་ཟད། ཁྲིམས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལས་འགལ་བ་ཡིན་པ་དང་འབྲེལ་ནས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ། བྱིས་པ་རྣམས་ཕ་མ་ནས་ཁ་བྲལ་བཏང་བའི་བཅའ་སྡོད་སློབ་གྲྭའི་ལས་གཞི་མཚམས་འཇོག་དགོས་པ། རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་རྒྱ་ནག་གི་ཁྲིམས་གསར་པ་དེར་ཞིབ་བཤེར་སྐོར་སྐྱོད་བྱ་དགོས་པ་སོགས་ཀྱི་དགོས་འདུན་ཁག་གསུམ་སྟོན་གནང་སོང་། རྒྱ་ནག་གཞུང་གིས་ངོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་སྒྲིག་དེར་མིང་གྲ་ཆགས་པོ་ཇི་ཙམ་བཏགས་མིན་དང་ཁྲིམས་མཐུན་ཡིན་པའི་འགྲེལ་བཤད་ཇི་ཙམ་རྒྱག་མིན་ལ་མ་ལྟོས་པར། ཁ་སང་ཨ་རི་དང་ཡུ་རོབ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མང་དག་ཅིག་ནས་རྒྱ་ནག་གི་ཁྲིམས་གསར་པ་དེར་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ་མ་ཟད། ཉེ་སྔོན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ནས་ཀྱང་རྒྱ་ནག་གི་ཁྲིམས་དེས་བོད་མི་དང་ཡུ་གུར། ནང་སོག་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏང་ཉེན་ཡོད་སྐོར་དང་འབྲེལ་ནས་ཁྲིམས་དེ་འཕྲལ་མར་ཕྱིར་འཐེན་བྱ་དགོས་པ་གསུངས་ཡོད་པ་རེད། The post བཞུགས་སྒར་དུ་སྐད་འབོད་དང་གོ་རྟོགས་ཀྱི་ལས་འགུལ་བརྒྱུད་ནས་རྒྱ་ནག་གི་ཁྲིམས་གསར་པར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་སོང་། appeared first on vot.
-
-19
ཨ་རི་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པར་སྐྱོན་བརྗོད་ནན་པོ་གནང་འདུག
སང་ཕྱི་ཟླ་ ༧ པའི་ ༡ ཉིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བའི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་ཀྱི་ལས་གཞི་ཁྲིམས་མཐུན་བཟོས་པའི་ཁྲིམས་གསར་པ་འདི་ལག་ལེན་བསྟར་གཏན་ཁེལ་བ་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་བཞི་ཡིས་རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་ཆེད་འདོན་གནང་བ་མ་ཟད། གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་དང་གྲོས་ཚོགས་འཐུས་མི་སྒེར། དེ་བཞིན་ཡུ་རོབ་ Baltic རྒྱལ་ཁབ་གསུམ་དང་ Italy དེ་བཞིན་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་གསར་འགོད་བསྒྲགས་གཏམ་དང་སྒེར་གྱི་བརྙན་ཐུང་བརྡ་ལན་བཅས་ཀྱི་བརྒྱུད་ནས་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་དང་འབྲེལ་ནས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ནན་པོ་གནང་འདུག དེ་ཡང་ཕྱི་ཚེས་ ༢༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་གུ་ཡངས་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ Jim Banks ལགས་དང་ John Curtis ལགས་གཉིས་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Jeff Merkley ལགས་དང་ Jacky Rosen ལགས་བཅས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་བཞི་པོས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་གྲོས་འཆར་ཞིག་ཆེད་འདོན་གནང་བའི་ནང་དུ། རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེ་བཞིན་བཙན་དབང་གིས་མི་རིགས་མཉམ་བསྲེས་གཏོང་རྒྱུའི་ལག་ཆ་ཞིག་ཡིན་སྐོར་དང་། ཁྲིམས་འདིས་བོད་མི་དང་ཡུ་གུར། དེ་བཞིན་ནང་སོག་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་ལོ་རྒྱུས་ཀྱི་ངོ་བོར་བརྩི་མེད་ཀྱིས། གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་དང་ཆོས་དད། སྐད་ཡིག་བཀོལ་སྤྱོད་དང་རིག་གཞུང་གིས་རྣམ་འགྱུར་སྤྱི་རིགས་ཐོག་རྒྱ་ནག་དམར་ཤོག་གཞུང་གིས་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་པར་སེམས་འཚབ། ལྷག་པར་དུ་ཁྲིམས་འདིའི་འོག་ནས་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བྱ་འགུལ་ཤུགས་ཆེ་རུ་སྤེལ་ངེས་ཡིན་པ་ལྟར་ཁྲིམས་འདིའི་རྒྱ་ནག་ནང་ལོག་ཙམ་མ་ཟད། རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱིས་གནས་བབ་ལ་ཡང་དོ་ཕོག་གཏང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། རྒྱ་ནག་གཞུང་ལ་ཁྲིམས་གསར་པ་དེ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་འགལ་བའི་ཁྲིམས་མཐའ་དག་ཕྱིར་འཐེན་བྱེད་དགོས་པ་གསུངས་འདུག གྲོས་ཆོད་ཆེད་འདོན་གནང་མཁན་གྲོས་ཚོགས་འཐུས་མི་ Jacky Rosen ལགས་དང་ John Curtis, Jim Banks, Jeff Merkley ལགས་བཅས་ཀྱི་སྐབས་དེར་རྒྱ་ནག་གཞུང་གིས་དུས་རྒྱུན་ནས་བོད་མི་དང་ཡུ་གུར། ནང་སོག་གཙོས་པའི་གྲངས་ཉུང་མི་རིགས་ཀྱིས་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་བསམ་ཡུལ་ལས་འདས་པའི་བྱ་འགུལ་སྤེལ་བཞིན་པའི་ཐོག་ཁྲིམས་གསར་པ་དེས་རྒྱ་ནག་ཙམ་མ་ཟད། རྒྱ་ནག་ཕྱི་ཕྱོགས་ཀྱིས་མང་ཚོགས་ཐོག་ལ་ཡང་ཉེན་ཁ་བཟོ་ཡི་ཡོད་སྐོར་དང་འབྲེལ། […] The post ཨ་རི་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པར་སྐྱོན་བརྗོད་ནན་པོ་གནང་འདུག appeared first on vot.
-
-20
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་བོད་མིས་ག་རེ་བྱེད་དགོས་སམ།
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་མཚོན་བྱེད་དུ་ཉེ་ལམ་རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་མེག་ལོཊ་གྷན་ཇིའི་བ་ར་ཀོ་ཇ་ཁང་དུ་<ང་ཚོས་ག་རེ་བྱེད་དགོས་སམ། རྒྱ་ནག་གི་སྐད་ཡིག་སྲིད་བྱུས་ལ་རྒོལ་བ་>ཞེས་པའི་བརྗོད་གཞི་ཐོག་གླེང་མོལ་ལས་རིམ་ཞིག་འཚོགས་སོང་བ་དང་། སྐབས་དེར་གསུང་བཤད་པ་རྣམས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་མི་མི་རེ་ངོ་རེ་ཁྲོད་རང་མི་རིགས་ཀྱི་འདུ་ཤེས་སྤེལ་དགོས་གལ་ཆེ་བ་ཡིན་སྐོར་དགོངས་ཚུལ་ཆེད་འདོན་གནང་སོང་།  གླེང་མོལ་གྱི་ལས་རིམ་དེ་བཞིན་བོད་སྨྱུག་དཔེ་སྐྲུན་ཁང་དང་། ཝ་ཟུར་སྐད་ཡིག་ཚོགས་པ། སྐར་ཆུང་བྱིས་པའི་དཔེ་མཛོད་ཁང་བཅས་ཚོགས་པ་གསུམ་གྱིས་གོ་སྒྲིག་ཞུས་པ་ཞིག་དང་ཨ་རིའི་བོད་ཀྱི་ཐེབས་རྩའི་ངོས་ནས་མཐུན་འགྱུར་གནང་བ་ཞིག་རེད་འདུག  ལས་རིམ་དེ་ཡང་ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་བསྟན་འཛིན་བཟང་མོ་ལགས་ཀྱི་གཙོ་སྐྱོང་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་།  བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་འགན་འཛིན་འབུམ་རམས་པ་ལྷ་མོ་མཚོ་ལགས།  བོད་ཀྱི་སྒྱུ་རྩལ་བ་དང་ཝ་ཟུར་སྐད་ཡིག་ཚོགས་པ་གསར་འཛུགས་གནང་མཁན་འཇམ་དབྱངས་ཕུན་ཚོགས་ལགས།  དེ་བཞིན་ཚོགས་སྡེ་ཁག་གཅིག་གི་སྐུ་ཚབ་དང་དོན་གཉེར་བ་མི་ཉུང་བ་བཅས་ཁྱོན་མི་གྲངས་གསུམ་བཅུ་ཙམ་ནས་མཉམ་ཞུགས་གནང་སོང་།  ལས་རིམ་ཐོག་གསུང་བཤད་པ་རྣམས་ནས་མགྲིན་དབྱངས་གཅིག་གྱུར་གྱིས་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་ལག་བསྟར་བྱ་རྒྱུའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེར་གདོང་ལེན་ཆེད་དུ་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ་ཙམ་མ་ཡིན་པར་རང་ནུས་གང་ཐུབ་དང་ཁ་ཡོད་ལག་ཡོད་ཀྱིས་ལས་འགུལ་རིགས་སྣ་མང་སྤེལ་དགོས་པ་དང་།  རྒྱ་ནག་གིས་འདི་ལྟ་བུའི་བོད་ཀྱི་སྐད་ཡིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་དུས་ང་ཚོའི་ངོས་ནས་དེར་དངངས་འཚབ་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབྲེལ་ཡོད་ཤེས་ཡོན་གྱི་ལྟེ་གནས་ཁག་ལ་སྒྲིག་འཛུགས་དང་ལྷན་ཁང་ངོས་ནས་དཔལ་འབྱོར་གྱི་འགྲོ་གྲོན་སྔར་ལྷག་གཏོང་དགོས་གལ་ཆེ་བ་ཡིན་པ་མ་ཟད།  མི་མང་ངོས་ནས་སྡིངས་ཆ་ཆེ་ཆུང་ཚང་མའི་ཐོག་བོད་ཀྱི་སྐད་ཡིག་ངེས་པར་དུ་བཀོལ་སྤྱོད་མཚོན་པའི་བོད་ཡིག་དཔེ་ཀློག་གི་གོམས་གཤིས་སྤེལ་དགོས་གལ་ཆེ་བ་ཡིན་པ།  དེ་བཞིན་བོད་མི་བྱིས་པ་གཙོ་བོར་གྱུར་བའི་གཞོན་སྐྱེས་ཁྲོད་རང་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་གོང་མཐོར་གཏོང་དགོས་པ་དང་།  བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་དགའ་མོས་བསྐྲུན་དགོས་གལ་གནད་འགག་ཆེན་པོར་གྱུར་ཡོད་པ་སོགས་གསུངས་སོང་།  འདི་གའི་གསར་འགོད་པས་གླེང་མོལ་གྱི་ལས་རིམ་དེ་ཉིད་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་བོད་མྱུག་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་བུ་ཆུང་ལྡུམ་ར་བསོད་ནམས་ལགས་སུ་ཐེངས་འདིའི་གླེང་མོལ་ཁྲོད་ཀྱི་སྙིང་དོན་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས།  བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱལ་ཁབ་གསུམ་བཅུ་ལྷག་ནང་རིག་གཞུང་དང་ཆབ་སྲིད་ཀྱི་གནས་སྟངས་འདྲ་མིན་འོག་གནས་ཡོད་ཀྱང་།  རང་མི་རིགས་ཀྱི་འདུ་ཤེས་དང་ང་བོད་པ་ཡིན་ཞེས་པའི་བསམ་བློ་དེ་སྙིང་ཁོང་རུས་པའི་གཏིང་ནང་ཡོད་པ་ནི་ཁ་གསལ་ཡིན་པ་མ་ཟད་བོད་ནང་དུའང་དེ་དེ་བཞིན་གྱི་མི་རིགས་འདུ་ཤེས་གནས་ཡོད་སྟབས།  རྒྱ་ནག་ངོས་ནས་ཇི་ཙམ་གྱི་བོད་མི་ཚོར་སྡུག་སྦྱོང་གཏོང་བ་དེ་ཙམ་གྱིས་བོད་མི་ངོས་ནས་རང་མི་རིགས་ཀྱི་འདུ་ཤེས་སྲ་བརྟན་དུ་གནས་ངེས་ཡིན་པ་གསུངས་སོང་ལ།  ད་ལྟའི་རྒྱ་ནག་གིས་སྲིད་བྱུས་གསར་པ་དེའི་ཐོག་སྒྲིག་འཛུགས་དང་ཚོགས་སྡེ་ཚང་མས་གང་ཐུབ་ཅི་ཐུབ་ཀྱིས་གདོང་ལེན་གནང་གལ་ཆེ་བ་ཡིན་པ་གསུངས་སོང་།  The post རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་བོད་མིས་ག་རེ་བྱེད་དགོས་སམ། appeared first on vot.
-
-21
ཨོསྟྲེ་ལི་ཡ་གཞུང་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་རྒྱབ་སྐྱོར་གྱིས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས་པའི་ཞུ་སྐུལ།
ཨོ་གླིང་གི་ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་གྲངས་ ༡༥ ལྷག་འདུ་འཛོམས་ཐོག་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༡༥ པ་སྤེལ་འདུག་པ་དང་། ཐེངས་འདིའི་ཞུ་གཏུགས་ཁྲོད་གཙོ་བོ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཙོས་༸སྐུའི་ཡང་སྲིད་ཀྱི་བདག་དབང་སྐོར་དང་། བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་འདོན་གནང་འདུག དེ་ཡང་ཨོ་གླིང་ནང་ལོ་ལྟར་ཨོསྟྲེ་ལི་ཡ་བོད་དོན་ལྷན་ཁང་ ATC དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཟུང་སྦྲེལ་ཐོག་བོད་དོན་ཞུ་གཏུག་ཉིན་མོ་ཞེས་གོ་སྒྲིག་གནང་གི་ཡོད་པ་ལྟར། ཐེངས་འདིའི་བོད་དོན་ཞུ་གཏུག་ཉིན་མོར་རྒྱལ་ས་ Canberra དང་སིཌ་ཎི། Melbourne དེ་བཞིན་ Campbelltown བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་བོད་མི་གྲངས་ ༡༥  ཙམ་ Canberra ལ་ཚང་འཛོམས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Penny Wong ལགས་ཀྱི་དབུས་པའི་གཞན་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༢༥ ལྷག་མཇལ་འཕྲད་གནང་སྟེ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་རྒྱ་ནག་གཞུང་གི་ཐེ་བྱུས་མི་ཡོང་སླད་ཨོ་གླིང་གཞུང་ནས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས་པ་དང་། སང་ཉིན་ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་རྒྱུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱིས་ཁྲིམས་ཡིག་དེ་ཉིད་འཕྲལ་དུ་ཕྱིར་འཐེན་ཡོང་སླད་འབད་བརྩོན་གནང་དགོས་གལ། དེ་བཞིན་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ད་བར་བོད་རྒྱའི་དཀའ་རྙོག་དང་འབྲེལ་བའི་གྲོས་མོལ་སླར་གསོ་ཡོང་ཐབས་སུ་རྒྱ་གཞུང་ལ་སྐུལ་མ་གནང་དགོས་པ་བཅས་དོན་ཚན་གལ་ཆེ་ཁག་གཅིག་གི་ཐོག་འབོད་སྐུལ་གནང་འདུག   དེའི་སྐོར་ཨོསྟྲེ་ལི་ཡ་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ད་ཆ་ལམ་སྟོན་པའི་ཁོངས་སུ་ཡོད་པ་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོསྟྲེ་ལི་ཡའི་བོད་མི་མང་སྤྱི་འཐུས་སྐལ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད། ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་བོད་མི་རྣམས་ཚོགས་ཆུང་འདྲ་མིན་ནང་ཆ་བགོས་ཀྱིས་བོད་དོན་ཞུ་གཏུག་གནང་བའི་ཁྲོད། རང་ལོ་ ༡༧ སོན་པ་བུ་མོ་ཕུན་ཚོགས་སྒྲོལ་མ་བསྟན་མཚོ་ལགས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ལྕམ་ Penny Wong ལགས་སུ་རྒྱ་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྤྱི་དང་སྒོས་སུ་ཁོ་མོའི་པོ་ལགས་རྒྱ་ཡི་བཙོན་ཁང་ནང་མནར་གཅོད་ཚད་མེད་འོག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་སོགས་སྙན་སེང་ཞུས་ཐུབ་ཡོད་པ་དང་ལྕམ་ Wong ལགས་ནས་ཀྱང་དེར་ཐུགས་སྣང་ཆེན་པོས་གསན་འཇོག་གིས་ཁོང་ནས་ཨོ་སྟྲེ་ལི་ཡའི་སྲིད་བློན་མཆོག་ལ་རིང་མིན་འཚོག་ལ་ཉེ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་བོད་དོན་ངེས་པར་གླེང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་པ་གསུངས་སོང་། ལྷག་པར་དུ་ཁ་སང་ཞུ་གཏུག་ལས་འགུལ་དངོས་སུ་དབུ་འཛུགས་མ་གནང་གོང་བོད་མི་རྣམས་ནས་ཨོ་གླིང་གི་གྲོས་ཚོགས་ཚོགས་ཁང་ཞིག་གི་ནང་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང་དེའི་ཐོག་ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པའི་གྲས་སུ་ཡོད་པ་ལྕམ་སྐུ་ Susan Templeman སུ་སན་ཊེམ་པལ་མེན་ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Dean Smith ཌིན་སི་མིཏ་ལགས། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Barbara Pocock སྦར་བ་ར་པོ་ཀོག་ལགས་བཅས་ཀྱི་གཙོས་འབྲེལ་ཡོད་ཁག་གཅིག དེ་བཞིན་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་སོགས་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། […] The post ཨོསྟྲེ་ལི་ཡ་གཞུང་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་རྒྱབ་སྐྱོར་གྱིས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས་པའི་ཞུ་སྐུལ། appeared first on vot.
-
-22
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༥ པ་འགོ་འཛུགས།
རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཁ་སང་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༥ པ་འགོ་འཛུགས་གནང་འདུག དེ་ཡང་འགན་འཛིན་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༧ ཚེས་ ༤ བར་འཚོག་གི་ཡོད་པ་དང་། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག་རྒྱ་བལ་འབྲུག་གསུམ་ནས་ས་གནས་ཁྱོན་ ༤༠ ཙམ་དང་ཚོགས་མི་ཁྱོན་ ༡༠༠ ལྷག་མཉམ་ཞུགས་གནང་འདུག་པ་མ་ཟད། ལྷན་ཚོགས་དེའི་ཐོག་གཙོ་བོ་དབུས་ས་གཉིས་ཀྱི་འདས་པའི་ལོ་གཅིག་གི་ལས་དོན་དང་། རྩིས་ཁྲར་བསྐྱར་ཞིབ། དེ་བཞིན་དེ་སྔའི་ལྷན་ཚོགས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། དེ་བཞིན་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་བའི་ཞབས་ཞུའི་ལས་དོན་ཇི་དགེ་ཞུ་ཐབས། བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་ཁྱོན་  ༡༠ ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད། འདི་ག་གསར་འགོད་པས་ལྷན་ཚོགས་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ། The post བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༥ པ་འགོ་འཛུགས། appeared first on vot.
-
-23
ཨོ་རི་ས་དང་མོན་གྷོ་ནང་༸རྒྱལ་བའི་གོ་སྟོན་སྲུང་བརྩི།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༸སྐུའི་གོ་སྟོན་དེ་བཞིན་བྱམས་བརྩེའི་ལོར་སྲུང་བརྩི་གཏན་འབེབས་དང་འབྲེལ། བོད་མི་འདུ་སྡོད་ས་གནས་གང་སར་༸རྒྱལ་བའི་མཛད་པ་དང་འབྲེལ་བའི་གསུང་བཤད་དང་འགྲེམས་སྟོན། ཤེས་ཡོན། ཁོར་ཡུག་གཙང་བཟོ་སོགས་ལས་རིམ་སྣ་མང་བརྒྱུད་ནས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པའི་ཁྲོད། དེ་རིང་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཨོ་རི་ས་ཕུན་ཚོགས་གླིང་གོ་སྟོན་གོ་སྒྲིག་ཚོགས་ཆུང་ངོས་ནས་ Bhubneswar ནང་དུ་རྟེན་གཞིས་བྱས་པའི་ Bakul དཔེ་མཛོད་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་པ་ཁག་གི་སྐོར་ལ་འགྲེམས་སྟོན་ཞིག་ཚོགས་འདུག སྐབས་དེར་སྐུ་མགྲོན་དུ་ཨོ་རི་ས་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་ Sujeet Kumar སུ་ཇིཏ་ཀུ་མཱར་ལགས་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་འོག་མའི་འཐུས་མི་ Rabindra Narayan Behera ར་བིན་དྲ་ནཱ་ར་ཡཱན་བེ་ཧེ་ར་ལགས་གདན་འདྲེན་ཞུས་འདུག སྐབས་དེར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ Sujeet Kumar སུ་ཇིཏ་ཀུ་མཱར་ལགས་ཀྱིས། བོད་མི་རྣམས་བྱམས་སྙིང་རྗེ་ལ་དགའ་མོས་བྱེད་མཁན་ཞིག་ཡིན་པ་དང་། ལྷག་པར་ཁོང་སྒེར་གྱི་ངོས་ནས་བོད་དང་རྒྱ་གར་གྱི་ས་མཚམས་ཁས་ལེན་བྱེད་ཀྱི་ཡོད་པ་ལས་རྒྱ་དཀར་ནག་གཉིས་བར་ས་མཚམས་ཡོད་པ་ངོས་ལེན་བྱེད་ཀྱི་མེད་ཅེས་གསུངས་འདུག མ་ཟད་རྒྱ་གར་ནི་མི་ལོ་ ༢༠༠ ལྷག་གི་རྗེས་ལ་རང་བཙན་ཐོབ་ཡོད་སྟབས། ད་ཆ་བོད་ཀྱི་འཐབ་རྩོད་དེ་ལོ་ངོ་  ༧༠ ལྷག་འགྲོ་བཞིན་ཡོད་པར་སེམས་ཤུགས་མ་ཆགས་ཅེས་དང་། འདས་པའི་ལོ་རྒྱུས་ཁྲོད་དབང་སྒྱུར་བེད་མཁན་རྣམས་ལམ་ལྷོང་བྱུང་མེད་པ་བཞིན་རྒྱ་ནག་ཀྱང་ཉིན་གཅིག་དེ་ལྟར་གྱུར་རྒྱུ་ཡིན་པ་མ་ཟད། སེམས་སྐྱོ་བ་ཞིག་ལ་ད་ལྟའི་ཆར་བོད་ནང་བོད་ཕྲུག་བྱིས་པ་རྣམས་རང་ཁྱིམ་དང་ཁ་བྲལ་བཏང་སྟེ། རྒྱ་ནག་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭར་བཅུག་གི་ཡོད་པར་དོན་དངོས་ཐོག་དེ་ནི་ Concentration Camp འམ་གཅིག་སྡུད་ཀྱི་བཙོན་སྒར་ཞིག་རེད་ཅེས་ནན་བརྗོད་གནང་འདུག གྲོས་ཚོགས་འོག་མའི་འཐུས་མི་ Rabindra Narayan Behera ར་བིན་དྲ་ནཱ་ར་ཡཱན་བེ་ཧེ་ར་ལགས་ཀྱིས། ཁོང་རང་ཉིད་ནང་དོན་རིག་པར་དོ་སྣང་ཆེན་པོ་ཡོད་ཅིང་། ལྷག་པར་སློབ་དཔོན་པདྨ་འབྱུང་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་འདུག དེ་བཞིན་ཉིན་རྒྱབ་ཁཱུལ་དེར་རྟེན་གཞིས་བྱས་པའི་ Kalinga Institute of Industrial Technology གཙུག་ལག་སློབ་གཉེར་ཁང་དང་། […] The post ཨོ་རི་ས་དང་མོན་གྷོ་ནང་༸རྒྱལ་བའི་གོ་སྟོན་སྲུང་བརྩི། appeared first on vot.
-
-24
རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་སྐོར་མཁས་པའི་བགྲོ་གླེང་།
དེ་རིང་འདི་ག་རྒྱལ་ས་ལྡི་ལིའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་སྐོར་མཁས་པའི་བགྲོ་གླིང་ཞིག་འཚོགས་ཡོད་པ་དང་།   བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུ་བཞུགས་གནང་པའི་བགྲོ་གླེང་དེའི་ཐོག  རྒྱ་གར་དམག་གི་སྒྲིག་འཛུགས་ཀྱི་ཐབས་བྱུས་ཉམས་ཞིབ་པ་དང་།  རྒྱ་དཀར་ནག་གི་ཐབས་བྱུས་ཉམས་ཞིབ་པ།  རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་བཅས་ཀྱིས།  རིང་མིན་ནས་ལག་བསྟར་བྱེད་རྒྱུའི་རྒྱ་ནག་གི་ཁྲིམས་གཞི་དེའི་འོག་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱའི་ཁྱོན་དུ་ཤུགས་རྐྱེན་ངན་པ་ཡོང་རྒྱུའི་གནད་དོན་གླེང་ཡོད། དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་བསྟན་འཛིན་བདེ་གསལ་ལགས་ཀྱི་གསུང་དོན་བྱས་པ་ཡིན་ན།   ཕྱི་ཟླ་ ༧ པའི་ཚེས་ ༡ ནས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་རྒྱུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གཞི་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་ན།   བོད་མི་ཙམ་གྱི་མ་ཟད་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ལ་སྔར་ལྷག་དམ་དྲག་ཆེ་རུ་འགྲོ་རྒྱུ་ཙམ་མ་ཟད།  མི་རིགས་དེ་དག་གི་ཆོས་དང་རིག་གཞུང་དང་སྐད་ཡིག་བཅས་པ་མདོར་ན་མི་རིགས་རང་གི་ངོ་བོ་རྩ་མེད་འགྲོ་ཉེན་དང་།  ལྷག་པར་ཁྲིམས་ཡིག་དེའི་བརྒྱུད་རྒྱ་ནག་རྒྱལ་ནང་ཙམ་དུ་མ་ཟད།   རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཁྲིམས་མཐུན་ངོ་བོའི་ཐོག ཕྱི་ཕྱོགས་གནས་སྡོད་རྒྱ་རིགས་དང་བོད་མི་བཅས་ལ་ཡང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བ་སོགས་ཀྱི་མིང་ཐོག་ནས་ཁྲིམས་ཐོག་ཉེས་ཆད་སོགས་ཕྱོགས་གང་སའི་གནོན་ཤུགས་སྤྲོད་རྒྱུའི་འཆར་གཞི་ཡོད་པ་སོགས་གནས་སྟངས་ཤིན་ཏུ་ནས་ཛ་དྲག་ཡིན་སྐོར་གསུངས་ཀྱི་འདུག   བགྲོ་གླེང་དེའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་ཁྲིམས་གཞི་དེའི་འོག་ནས་བོད་མིའི་ངོ་བོ་རྩ་བརླག་གི་གནས་སྟངས་སྔར་ལྷག་ཛ་དྲག་ཆེ་རུ་འགྲོ་རྒྱུ་དང་།  རྒྱ་ནག་གི་ཁྲིམས་གཞི་དེའི་བརྒྱུད།  དངུལ་དངོས་དང་།  འཁྲུལ་རིག  སྤྱི་ཚོགས་ཙམ་མ་ཟད།   ནང་མི་ནང་ཁུལ་གྱི་མཐུན་སྒྲིལ་བཅས་སུ་འགོག་རྐྱེན་བཟོས་ཏེ།   གང་ལྟར་ཐབས་བྱུས་འདྲ་མིན་ཐོག་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་རྒྱུ་ཡིན་ཡང་།  རྒྱ་ནག་གི་གནོན་ཤུགས་དེ་དག་ལ་ལྟོས་མེད།  བོད་ནང་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་སོགས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་གནང་བཞིན་པ་མ་ཟད།   བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཀྱི་གཞུང་མང་བརྒྱུད་དཀའ་ངལ་ལ་གདོང་ལེན་གང་ཡོང་གནང་རྒྱུ་སོགས་ཀྱི་སྐོར་གསུངས་ཡོད།  རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་མཁས་པའི་བགྲོ་གླེང་དེའི་ཐོག་ད་དུང་།  རྒྱ་གར་གྱི་དམག་དཔོན་ཟུར་པ་དང་།  རྒྱལ་སྤྱིའི་དམག་དོན་ཐབས་བྱུས་དཔྱད་བརྗོད་པ།  Major General GD Bakshi མཆོག་དང་།   རྒྱ་ནག་དབྱེ་ཞིབ་པ་དང་ཐབས་ཇུས་ལྟེ་གནས་ཁང་གི་ཚོགས་གཙོ་མཁས་དབང་ Jayadeva Ranade མཆོག  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་བསྟན་འཛིན་བདེ་གསལ་ལགས།  JNU གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་ཞིབ་འཇུག་པ་སློབ་དཔོན་ Srikanth Kundapalli བཅས་ནས་ཀྱང་རྒྱ་ནག་གི་ལག་བསྟར་བྱེད་རྒྱུའི་ཁྲིམས་གཞིའི་དེའི་འོག་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཙམ་མ་ཟད།   རྒྱལ་སྤྱིའི་ཁྱོན་དུའང་ཤུགས་རྐྱེན་ངན་པ་ཞིག་ཡོང་རྒྱུའི་སྐོར་སོགས་དགོངས་ཚུལ་གསུངས་ཡོད།   The post རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་སྐོར་མཁས་པའི་བགྲོ་གླེང་། appeared first on vot.
-
-25
རྒྱ་གར་ཁྲིམས་ལ་བསྐྱོད་པའི་དབང་གིས་བལ་ཡུལ་མཆོད་འཇོར་དང་འབྲེལ་བའི་ལྡོག་གཏུག་ཁ་མཆུ་ཞིག་ནུས་མེད་གྱུར་འདུག
བལ་ཡུལ་མཆོད་འབྱོར་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་ཁ་མཆུའི་ཁྲོད་ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་ཞུ་སྦྱོར་བའི་ཁྲིམས་རྩོད་པ་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་དོན་ཚན་དྲུག་ཅན་གྱི་ Counter Claim འམ་གཏུག་ཁ་མཆུ་གཏུག་རྗེས། ཚོགས་པའི་ངོས་ནས་དེ་འབྲེལ་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་གྱིས་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་སྟབས།  ད་ཆ་གྱོད་གཞི་དེ་བཞིན་རྒྱ་གར་གྱི་ཁྲིམས་འོག་སླེབས་པར་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཁོངས་ཁྱབ་ཚད་མེད་སྐོར་རྒྱུ་མཚན་དུ་གཞིགས་ནས་་གཏུག་ཁ་མཆུ་དེ་རང་བཞིན་གྱིས་ནུས་མེད་དུ་གྱུར་ཡོད་འདུག དེ་ཡང་འདི་ཚེས་ ༡༦ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཁ་མཆུ་ཨང་ ༢༢ དང་འབྲེལ་ཞུ་སྦྱོར་བ་དང་ཞུ་སྦྱོར་བའི་ཁྲིམས་རྩོད་པ་ནས་མཆོད་འཇོར་གྱི་འོས་བསྡུའི་གནད་དོན་དང་འབྲེལ་བའི་དཔང་རྟགས་མང་པོ་ཞིག་སྟོན་རྒྱུ་ཡོད་ལུགས་སྐོར་གྱི་སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོར་འགོག་རྐྱེན་བཟོས་ཐབས་བྱས་པ་དང་། ཁྲིམས་ཁང་དུ་ཁ་མཆུ་འགྲོ་བཞིན་པའི་སྐབས་བལ་ཡུལ་མཆོད་འཇོར་དོན་གཅོད་ལས་ཁུངས་ཀྱི་མདུན་དུ་མི་གྲངས་ ༣༥༠ ཙམ་འདུ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ལ་ངོ་རྒོལ་བྱས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་བཟོས་པ་སོགས་དོན་ཚན་དྲུག་ལུང་འདྲེན་ཐོག་ལྡོག་གཏུག་ཁ་མཆུ་གཏུགས་ཡོད་པ་རེད་འདུག དེ་དོན་དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་དེབ་འགོད་ཨང་ ༢༢ གྱོད་ཡ་ཕྱོགས་གཉིས་ལ་ལྡོག་གཏུག་གི་ཞུ་རྩ་དང་། ཞུ་ལན་ཐོག་ངེས་བརྟན་བཟོ་རྒྱུའི་ཆེད་ཐོག་མའི་ཉན་ཞིབ་འཚོགས་སོང་བ་དང་།  དེའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ནས་ཁ་མཆུ་ཨང་ ༢༢ པའི་གྱོད་ཡ་ཞུ་སྦྱོར་བའི་ངོ་ཚབ་ཁྲིམས་རྩོད་པ་ནས་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་དབུས་འོས་བསྡུ་ལས་ཁང་ནས་ཞུ་སྦྱོར་བ་དང་། ཞུ་སྦྱོར་བའི་ཁྲིམས་རྩོད་པ་བཅས་ནས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་སྤེལ་བའི་ངོས་འཛིན་འོག་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ལེའུ་ ༥ དོན་ཚན་ ༣༠ དགོངས་དོན་དོན་ཚན་དྲུག་ཅན་གྱི་ལྡོག་གཏུག་ཁ་མཆུ་གཏུགས་རྗེས།  ཞུ་སྦྱོར་བའི་ཁྲིམས་རྩོད་པས་དེ་འབྲེལ་རྒྱ་གར་གཞུང་གིས་ཁྲིམས་ཁང་ལ་གཏུག་བཤེར་གྱིས་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་སྟབས།  གྱོད་གཞི་དེ་བཞིན་ད་ཆ་རྒྱ་གར་གྱི་ཁྲིམས་འོག་སླེབས་པར་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཁོངས་ཁྱབ་ཚད་མེད་སྐོར་རྒྱུ་མཚན་དུ་གཞིགས་ནས་ལྡོག་གཏུག་ཁ་མཆུ་དེ་རང་བཞིན་གྱིས་ནུས་མེད་འགྱུར་གྱི་ཡོད་པ་གསུངས་སོང་། མ་ཟད། གྱོད་ཡ་ཞུ་སྦྱོར་བའི་ངོ་ཚབ་ཁྲིམས་རྩོད་པ་ནས་ཁ་མཆུ་ཨང་ ༢༢ དང་འབྲེལ་ཁ་མཆུ་ཞུ་གཏུག་སྐབས་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་ཉམས་ལེན་བྱེད་སྒོའི་ཁས་ལེན་དམ་འབུལ་གྱི་ཡིག་ཆར་མོས་མཐུན་གྱིས་ཁྱིམས་ཞིབ་པའི་མདུན་སར་མིང་རྟགས་བཀོད་དེ་ཁྲིམས་ཞིབ་ཁང་ལ་ཕུལ་ཡོད་པའི་དམ་ཡིག་དེའང་རང་བཞིན་གྱི་ནུས་མེད་ཆགས་ཡོད་པ་གསུངས་སོང་ལ།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དབུས་འོས་བསྡུ་ལས་ཁང་གིས་བཏང་གནང་བའི་ལྡོག་གཏུག་གི་ཞུ་རྩ་དེར་ངོས་བཞེས་གནང་མེད་སྐོར་གསུངས་སོང་། དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས།  འདི་ཚེས་ ༡༦ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཁ་མཆུ་ཨང་ ༢༢ དང་འབྲེལ་ཞུ་སྦྱོར་བ་དང་ཞུ་སྦྱོར་བའི་ཁྲིམས་རྩོད་པ་ནས་བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་བཟོས་པ་སོགས་དོན་ཚན་དྲུག་ལུང་འདྲེན་ཐོག་ལྡོག་གཏུག་ཁ་མཆུ་གཏུགས་ཡོད་པར་འགྲེལ་བརྗོད་དང་འབྲེལ།  ཉེས་མེད་ཉེས་འཛུགས་གྱི་དོན་རྐྱེན་དེ་ནི་ Criminal Defamation འམ་ནག་ཉེས་མཚན་ཤས་འོག་སླེབས་ཀྱི་ཡོད་པའི་རྐྱེན་དེ་འབྲེལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཁོངས་ཁྱབ་ཚད་མེད་སྟབས།  གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་ཐོག་བསྐྱོད་ཡོད་པ་གསུངས་སོང་། མ་ཟད། ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ལྡོག་གཏུག་གི་ཁ་མཆུ་དེ་ནུས་མེད་ཆགས་ཡོད་པ་མ་གཏོགས་ཁ་མཆུ་ཨང་ […] The post རྒྱ་གར་ཁྲིམས་ལ་བསྐྱོད་པའི་དབང་གིས་བལ་ཡུལ་མཆོད་འཇོར་དང་འབྲེལ་བའི་ལྡོག་གཏུག་ཁ་མཆུ་ཞིག་ནུས་མེད་གྱུར་འདུག appeared first on vot.
-
-26
བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་འགོ་འཛུགས་དང་འབྲེལ་ད་བར་བོད་རྒྱའི་གྲོས་མོལ་མ་བྱུང་བའི་འགན་འདི་རྒྱ་ནག་ལ་ཡོད་པ་ནན་བརྗོད།
རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་འགོ་འཛུགས་གནང་སོང་བ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་གལ་གནད་དང་། རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བ་མ་ཟད། ད་བར་བོད་རྒྱ་གྲོས་མོལ་མ་བྱུང་བ་དེ་ནི་རྒྱ་ནག་གི་བྱེད་བབ་ལ་ཐུག་ཡོད་པ་ནན་བརྗོད་གནང་སོང་། དེ་ཡང་ཚོགས་འདུ་དེ་དེ་རིང་ནས་འགོ་འཛུགས་ཀྱིས་འདི་ཚེས་ ༢༩ བར་ཉིན་གྲངས་བཞིའི་རིང་རྡ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་འཚོག་བཞིན་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་ཐའེ་ཝན་དོན་གཅོད་ཟུར་པ་དང་སྤྱི་འཐུས་ལས་ཐོག་བ་རི་ཟླ་བ་ཚེ་རིང་ལགས། དེ་བཞིན་ལྡི་ལི་ཤཱིབ་ན་དྷར་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཀ་ཝེ་རི་གྷིལ་ལགས། བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། དེ་བཞིན་རྒྱ་གར་དང་ཐའེ་ཝན། བྱང་ཨ་རི་བཅས་ནས་སྲིད་བྱུས་ཉམས་ཞིབ་པ་དང་འགོ་ཁྲིད། ཆེད་ལས་མི་སྣ། མཁས་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་སོགས་ཁྱོན་མི་གྲངས་ ༧༠ ལྷག་ནས་མཉམ་ཞུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་གལ་གནད་སྐོར་གསུང་བཤད་གནང་བའི་ཁྲོད། ད་ལྟའི་ཆར་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པ་དེ་རྒྱ་ནག་གི་ཐའེ་ཝན་ཐོག་འཛིན་པའི་ལངས་ཕྱོགས་དང་འབྲེལ་བ་ཡོད་པ་ལས་བོད་ཀྱི་གནད་དོན་དང་འབྲེལ་བ་རྩ་བ་ནས་མེད་པ་དེ་ལྟར་ཡང་། བདག་དབང་མེད་བཞིན་དུ་བོད་རྒྱ་ཁོངས་སུ་བསྡུས་ཐབས་ལ་རྒྱབ་སྐྱོར་ཐོབ་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་དེ་འབྲེལ་གནོན་ཤུགས་སྤྲད་དང་སྤྲོད་བཞིན་ཡོད་པ་གསལ་སྟོན་གནང་སོང་། གནད་དོན་དེ་དང་འབྲེལ་བོད་མི་རྣམས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་དག་ཐེར་དང་བརྒྱུད་སྤེལ་གནང་དགོས་གལ་ཡིན་ཞིང་། བོད་པའི་གཞོན་སྐྱེས་ཁྲོད་ནས་ཞིབ་འཇུག་དང་ཁྲིམས་ཐོག་ཆེད་སྦྱོང་གནང་མཁན་དགོས་ངེས་ཡིན་པ་དང་། དེ་འབྲེལ་སྙན་ཐོ་འདོན་སྤེལ་གྱིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་གནད་དོན་གསལ་སྟོན་བྱ་དགོས་རྒྱུ་ནི་བོད་མིའི་ལས་འགན་ཡིན་པ་གསུངས་སོང་། མ་ཟད་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ནི་རྒྱ་ནག་གི་ཁྲིམས་སྒྲིག་ཙམ་མ་ཟད་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བ་ཞིག་དང་། བོད་མི་ནི་གྲངས་ཉུང་མི་རིགས་མ་ཡིན་པ། ལྷག་དོན་ད་བར་བོད་རྒྱ་གྲོས་མོལ་མ་བྱུང་བ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་འགན་ཡོད་པ་ལས་བོད་མིའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་དགོས་འདུན་བཏོན་ཡོད་པར་གལ་ཏེ་མ་འོངས་པ་འགྱུར་བ་དགོས་གལ་གཟིགས་ཚེ་འགྲོ་ལུགས་གཞིར་བཟུང་མཐུན་པ་ཞིག་གནང་དོགས་པ་ནན་བརྗོད་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ཐའེ་ཝན་དོན་གཅོད་ཟུར་པ་དང་སྤྱི་འཐུས་ལས་ཐོག་བ་རི་ཟླ་བ་ཚེ་རིང་ལགས་ཀྱིས། བོད་རྒྱ་འབྲེལ་བ་དང་། ད་ཡོད་རྒྱ་ནག་སྲིད་གཞུང་འོག་ཏུ་བོད་ཀྱི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། ད་ལྟའི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་དེའི་ཐོག་གཙོ་འདོན་གནང་སོང་བ་དང་། འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་གི་གཞུང་འབྲེལ་གྱི་སྐད་ཡིག་སོགས་ཀྱི་གནད་དོན་གླེང་སློང་གིས། ད་ཆ་རྒྱ་ནག་གི་གཏན་འབེབས་བྱས་པའི་ཁྲིམས་ཟེར་བ་དེ་ནི་ཁྲིམས་ཞིག་མིན་པར་ཞི་ཅིན་ཕིང་སྒེར་གྱི་བསམ་བློ་དང་ལྟ་བར་ཐུག་ཡོད་པ་གསུངས་སོང་། ལྷག་པར་ད་ལྟའི་མི་རིགས་མཐུན་སྒྲིལ་ཁྲིམས་ཟེར་བ་ཙམ་ལས་ལས་འགུལ་ནི་དེ་སྔོན་ནས་སྤེལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་མཐོ་སློབ་ནང་དུ་བོད་ཀྱི་སྐད་ཡིག་གི་ཡིག་རྒྱུགས་མེད་པ་བཟོས་པ་དང་། དེ་ནི་ཀན་སུ་དང་མཚོ་སྔོན། ཟི་ཁྲིན་བཅས་སུ་ལག་བསྟར་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ལག་བསྟར་བྱས་དང་བྱེད་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་སོགས་གསུངས་སོང་། མ་ཟད་བོད་ནང་ཁང་པ་རྒྱག་སྟངས་དང་། དཔལ་འབྱོར་ལམ་ལུགས། སློབ་གྲྭ་སོགས་ཅི་རིགས་ནས་རྒྱ་ནག་གི་ངོ་བོར་བསྒྱུར་ཐབས་བྱེད་པ་དེ་ནི་ཛ་དྲག་གི་རང་བཞིན་ཡིན་པ་དྲན་སྐུལ་གནང་སོང་། རྩ་བའི་ཉིན་བཞིའི་ལས་རིམ་ཁྲོད་དབུ་མའི་ལམ་གྱི་ངོ་བོ་དང་ལྟ་གྲུབ་བྱུང་ཚུལ། མདུན་ལམ། རང་སྲིད་རང་སྐྱོང་གི་དཔེ་མཚོན་ཁག་གི་སྐོར། གནམ་འོག་རིང་ལུགས། མང་གཙོ་བཅོས་བསྒྱུར་དང་བོད་རྒྱ་འབྲེལ་བ། རྒྱ་ནག་གི་མང་གཙོ་འཐབ་རྩོད། བོད་ཀྱི་གནམ་གཤིས་དང་དེས་ལྷོ་ཨེ་ཤི་ཡར་ཤུགས་རྐྱེན་གང་ཡིན་སྐོར། རྒྱ་རིགས་གཞོན་སྐྱེས་ཀྱིས་བོད་དོན་ལ་ལྟ་ཚུལ། རྒྱལ་སྤྱིའི་དཔེ་མཚོན་ནས་རྩོད་རྙོག་སེལ་ཐབས་ཀྱི་སྒྲོམ་གཞི་སློབ་སྦྱོང་དང་བསམ་ཚུལ་བརྗེ་ལེན། ལྷོ་ཨེ་ཤི་ཡའི་ཁུལ་དུ་བོད་རྒྱ་འབྲེལ་བའི་ཐོག་ན་གཞོན་གྱི་ལྟ་ཚུལ་སྐོར་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། མཉམ་ཞུགས་པ་རྣམས་ནས་མཉམ་ལས་ཀྱི་སྲིད་བྱུས་གྲོས་མོལ་བཅས་གནང་རྒྱུ་ཡིན་པ་རེད་འདུག གཞི་རྩའི་ལས་གཞི་དེ་ནི་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་སྤྱི་མོས་གྲོས་ཆོད་བྱུང་བ་གཞིར་བཟུང་འདི་ལོ་༸སྐུའི་གོ་སྟོན་སྲུང་བརྩི་དང་བསྟུན་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་འདུག The post བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་འགོ་འཛུགས་དང་འབྲེལ་ད་བར་བོད་རྒྱའི་གྲོས་མོལ་མ་བྱུང་བའི་འགན་འདི་རྒྱ་ནག་ལ་ཡོད་པ་ནན་བརྗོད། appeared first on vot.
-
-27
ཨ་རིའི་ཁུལ་གྱི་གྲོང་ཁྱེར་གསུམ་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས།
ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ Saint Paul སེན་ཊི་པོལ་དང་། Minneapolis མི་ནི་ཡ་པོ་ལི་སི་གྲོང་ཁྱེར་ལྷན་ཚོགས། དེ་བཞིན་ཝི་སི་ཁོན་སིན་མངའ་སྡེའི་ Madison མེ་ཌི་སོན་གྲོང་ཁྱེར་ལྷན་ཚོགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱིས།  ༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག རྩ་བའི་ཐེངས་འདིར་ཨ་རིའི་གྲོང་ཁྱེར་གསུམ་ནང་གཏན་འབེབས་བྱུང་བའི་གྲོས་ཆོད་དེ་དག་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྙིང་རྗེའི་རང་གཟུགས་ཤིག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དུ་ཡིད་ཆེས་གནང་གི་ཡོད་པ་ལ་ངོས་འཛིན་དང་།  མགོན་པོ་༸གང་ཉིད་མཆོག་གིས་སྐུ་ན་ཆུང་དུས་ནས་བོད་བསྟན་སྲིད་མི་རིགས་ཆེད་དུ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་ཡོད་པ་མ་ཟད།  རྒྱལ་སྤྱིའི་ཁྲོད་མི་རིགས་དང་ཆོས་དད་རྒྱབ་ལྗོངས་འདྲ་མིན་གྱི་གང་ཟག་ཕན་ཚུན་བར་བསམ་ཤེས་དང་། བཟོད་བསྲན། མཐུན་སྒྲིལ། བྱམས་སྙིང་རྗེ་གོང་འཕེལ་ཐད་ལམ་སྟོན་སྩལ་གནང་མཛད་ཡོད་པ་དག་གསལ་འདོན་དང་འབྲེལ།  ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་འཛུལ་འགོ་འཛུགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་སྒེར་ལངས་བྱུང་རྗེས་༸མགོན་པོ་མཆོག་བཙན་བྱོལ་དུ་བྲོལ་བྱོལ་ལ་ཆིབས་བསྒྱུར་བསྐྱངས་དགོས་ཁེལ་ཡོད་ཀྱང་། ༸གོང་ས་མཆོག་ནས་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེ། ཕན་ཚུན་གྲོས་མོལ་བཅས་ཀྱི་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལས་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་ཡོད་པར་ཆེ་མཐོང་ཞུས་ཡོད་པ་དང་།   ༸གང་ཉིད་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་།  བྱམས་སྙིང་རྗེ།  སེམས་ཁམས་རྣམ་དཔྱོད་བཅས་ཀྱི་བཀའ་སློབ་ལམ་སྟོན་གྱིས་གོ་ལ་སྤྱི་ཡོངས་ཀྱི་ཤེས་ཡོན་མི་སྣ་དང་ཆོས་སྲིད་ཀྱི་དབུ་ཁྲིད་ཚོར་སེམས་འགུལ་ཐེབས་ཡོད་པ་བཅས།  སླེབས་ལ་ཉེ་བའི་ཕྱི་ཟླ་ ༧ ཚེས་ ༦ སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་ཀྱི་ཡོད་པ་དང་བསྟུན། གྲོང་ཁྱེར་ལྷན་ཚོགས་དེ་དག་ངོས་ནས་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པའི་རིན་ཐང་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པར་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་དུ་ཁུལ་དེ་དག་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ དེ་བཞིན་ Day of Compassion འམ་བྱམས་བརྩེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་ཡིན་པ་གསུངས་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཨ་རི་ཁུལ་གྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འབྲེལ་མཐུད་པ་བསྟན་འཛིན་ཆོས་བཟང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས།  ཐེངས་འདིར་ཨ་རི་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ […] The post ཨ་རིའི་ཁུལ་གྱི་གྲོང་ཁྱེར་གསུམ་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས། appeared first on vot.
-
-28
ཨ་རིའི་སེན་ཊི་པོལ་གྲོང་ཁྱེར་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག
ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སེན་ཊི་པོལ་གྲོང་ཁྱེར་གྱིས་ཁ་ཉིན་ཕྱི་ཆེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་འཕྲིན ལ་ཆེ་བསྟོད་ཀྱིས།  ༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག དེ་ཡང་ Tibetan American Foundation of Minnesota མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ Saint Paul City Council སེན་ཊི་པོལ་གྲོང་ཁྱེར་ལྷན་ཚོགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པའི་རིན་ཐང་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པར་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་དུ་འདི་ལོར་༸གང་ཉིད་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་ཀྱི་ཡོད་པ་དང་བསྟུན་ནས་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཕྱི་ཟླ་ ༧ ཚེས་ ༦ སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག ཨ་རིའི་སེན་ཊི་པོལ་གྲོང་ཁྱེར་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཚོས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྙིང་རྗེའི་རང་གཟུགས་ཤིག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་དུ་ཡིད་ཆེས་ངོས་འཛིན་གནང་གི་ཡོད་པ་དང་།  ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་གི་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པའི་བཀའ་སློབ་ལམ་སྟོན་ནི་འཛམ་གླིང་རྒྱ་ཁབ་ཏུ་ཆེ་མཐོང་ཆེན་པོ་འཇོག་གི་ཡོད་པ།  ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་དུས་ནས་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་བྱུང་རྗེས་སྐུ་ཚེ་ཧྲིལ་པོར་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་སྦྱང་བརྩོན་དང་ཉམས་ལེན་མཛད་གནང་ཡོད་པ་མ་ཟད།  བྱམས་སྙིང་རྗེ་དང་། ཆོས་ལུགས་མཐུན་སྒྲིལ། ཕན་ཚུན་བརྩི་མཐོང་གི་འདུ་ཤེས་གོང་འཕེལ་ཐད་རླབས་ཆེན་གྱི་མཛད་རྗེས་འཇོག་བཞིན་ཡོད་པ་གསུངས་འདུག  དེ་བཞིན་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་འཛུལ་འགོ་འཛུགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་སྒེར་ལངས་བྱུང་རྗེས་༸མགོན་པོ་མཆོག་བཙན་བྱོལ་དུ་བྲོལ་བྱོལ་ལ་ཆིབས་བསྒྱུར་བསྐྱངས་དགོས་ཁེལ་ཡོད་ཀྱང་། དུས་དེ་ནས་བཟུང་༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་སླད་སྐུ་ལས་འཛད་མེད་བསྐྱོན་གནང་མཛད་ཡོད་པ་མ་ཟད།  ཨ་རིའི་མི་ནི་སོ་ཊ་ཚུད་པའི་འཛམ་གླིང་ཡུལ་གྲུ་གང་སར་ཆིབས་སྒྱུར་གྱིས་མི་རིགས་དང་ཆོས་དད་རྒྱབ་ལྗོངས་འདྲ་མིན་གྱི་གང་ཟག་ཕན་ཚུན་བར་བསམ་ཤེས་དང་། བཟོད་བསྲན། མཐུན་སྒྲིལ། བྱམས་སྙིང་རྗེ་གོང་འཕེལ་ཐད་ལམ་སྟོན་སྩལ་གནང་མཛད་ཡོད་པ་གསུངས་འདུག གྲོས་ཆོད་དེའི་ནང་ད་དུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནད་དོན་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་དེ་དག་བཟོད་བསྲན་དང་ཕན་ཚུན་བསམ་ཤེས་ཀྱི་སྒོ་ནས་ཞི་བདེའི་ཐབས་ལམ་བརྒྱུད་སེལ་དགོས་གལ་ཡིན་པའི་ཐུགས་དགོངས་ལ་ཆེ་བསྟོད་ཀྱིས་རྒྱལ་སྤྱིའི་ཁྲོད་ཤིན་ཏུ་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་བཞེས་གནང་ཡོད་པ་དང་།  ༸གང་ཉིད་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་།  བྱམས་སྙིང་རྗེ།  སེམས་ཁམས་རྣམ་དཔྱོད་བཅས་ཀྱི་བཀའ་སློབ་ལམ་སྟོན་གྱིས་གོ་ལ་སྤྱི་ཡོངས་ཀྱི་ཤེས་ཡོན་མི་སྣ་དང་ཆོས་སྲིད་ཀྱི་དབུ་ཁྲིད་ཚོར་སེམས་འགུལ་ཐེབས་ཡོད་པ་མ་ཟད།  […] The post ཨ་རིའི་སེན་ཊི་པོལ་གྲོང་ཁྱེར་ནང་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག appeared first on vot.
-
-29
གཞུང་འབྲེལ་འཚམས་གཟིགས་ཁྲོད་ཇ་མུ་ཀ་ཤི་མིར་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད།
སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམ་པས་ལས་འཁུར་བཞེས་ཟིན་པའི་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་དང་། སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ པའི་ཚེས་ ༢༢ ནས་ཕྱི་ཟླ་ ༧ ཚེས་ ༦ བར་ཤྲི་ན་སྒར་དང་། དཀའ་འཁྱིལ། ལ་དྭགས་སླེ་བྱང་ཁུལ་དུ་གཞུང་འབྲེལ་མཚམས་གཟིགས་གནང་དང་གནང་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༣ ཉིན་ཇ་མུ་ཀཤ་མིར་སྤྱི་ཁྱབ་བློན་ཆེན་ Omar Abdullah ཨོ་མཱར་ཨབ་དྷུ་ལ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་ཆེ་གཞོན་པ་རྣམ་གཉིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་བཅས་དང་ལྷན་མཇལ་འཕྲད་གནང་འདུག འདི་ག་རླུང་འཕྲིན་ནང་བོད་མི་མང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་སུ་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་བྱུང་སྐབས་གནད་དོན་གླེང་སློང་ཇི་བྱུང་དང་། དེ་བཞིན་ཡོང་གྱུར་གྱི་མཛད་འཆར་ཁག་གཅིག ལྷག་པར་འདི་ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་མཛད་འཆར་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ། རྩ་བའི་སྤྱི་འཐུས་རྣམ་པ་གཉིས་ཀྱི་མཛད་འཆར་ལྟར་ན། འདི་ཚེས་ ༢༢ ནས་ ༢༣ བར་ཤྲི་ན་སྒར་ཁུལ་དུ་ལས་རིམ་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢༤ ནས་ ༢༥ བར་དཀར་འཁྱིལ་ཁུལ་ལ་ལས་རིམ་ཡོད་པ། དེ་བཞིན་ཕྱི་ཚེས་ ༢༦ ནས་ ༢༨ བར་ལ་དྭགས་སླེ་ཁུལ་ལ་ལས་རིམ་ཡོད་པ། ཕྱི་ཚེས་ ༢༩ ནས་ཕྱི་ཟླ་ ༧ པའི་ཚེས་ ༤ བར་ལ་དྭགས་བྱང་ཐང་ས་ཁག་དགུ་ལ་ལས་རིམ་ཡོད་པ་མ་ཟད། ཕྱི་ཟླ་ […] The post གཞུང་འབྲེལ་འཚམས་གཟིགས་ཁྲོད་ཇ་མུ་ཀ་ཤི་མིར་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད། appeared first on vot.
-
-30
ཨེ་མོ་རིའི་སྨན་གྱི་མཐོ་སློབ་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དབར་ཤེས་ཡོན་བརྗེ་ལེན་གྱི་ཟབ་སྦྱོང་ཐེངས་བཅུ་པ་འཚོག་བཞིན་པ།
ཁ་ཉིན་ཕྱི་ཚེས་ ༢༢ ནས་འགོ་འཛུགས་ཀྱིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ།  ཨ་རིའི་ཨེ་མོ་རིའི་སྨན་གྱི་མཐོ་སློབ་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དབར་ཤེས་ཡོན་བརྗེ་ལེན་གྱི་ཟབ་སྦྱོང་ཐེངས་བཅུ་པ་འཚོག་བཞིན་པ་དང་།  ཐེངས་འདིའི་ཟབ་སྦྱོང་ཐོག་གཙོ་བོ་སྨན་གྱི་ཆེད་སྦྱོང་དང་འབྲེལ་བའི་ཉམས་ཞིབ་གནང་སྟངས་དང་། སེམས་ནད་བཅོས་ཐབས།  མ་ཟད་ནད་ཡམས་དཔྱད་རིགས་སོགས་ཀྱི་སྐོར་ཤེས་ཡོན་བརྗེ་ལེན་གནང་རྒྱུ་དང་།  ཟབ་སྦྱོང་དེ་བཞིན་གནངས་ཕྱི་ཚེས་ ༢༦ བར་འཚོག་གི་ཡོད་པ་རེད་འདུག དེ་ཡང་འདི་གའི་གསར་འགོད་པས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སློབ་སྤྱི་གཞོན་པ་དང་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་འདིའི་འབྲེལ་མཐུད་པ་རྣམ་གྲོལ་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས།  ཐེངས་འདིའི་ཟབ་སྦྱོང་ཐོག་ཨེ་མོ་རིའི་སྨན་གྱི་མཐོ་སློབ་ནས་རྒྱབ་ལྗོངས་མི་འདྲ་བའི་ཆེད་ལས་པ་ ༣ དང་སློབ་མ་ ༢ ཕེབས་ཡོད་པ་དང་།  ཆེད་ལས་པ་རྣམས་ནས་རང་སོ་སོའི་ཤེས་ཡོན་གྱི་རྒྱབ་ལྗོངས་དང་འབྲེལ་ཏེ་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་ཚོར་སྨན་རྩིས་དང་བཅོས་ཐབས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གླེང་སློང་གིས་སློབ་ཁྲིད་གནང་བཞིན་ཡོད་པ་མ་ཟད།  ད་རེས་ཀྱི་ཤེས་ཡོན་བརྗེ་ལེན་འདིའི་ནང་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དགེ་རྒན་ ༡༠ གྲངས་ཤིག་དང་ཆེད་སྦྱོང་ལོ་རིམ་འདྲ་མིན་གྱི་སློབ་མ་ཁྱོན་བསྡོམས་པའི་ ༤༥ ནས་མཉམ་ཞུགས་གནང་བཞིན་ཡོད་པ་གསུངས་སོང་ལ།  ད་བར་ལས་གཞིའི་འདིའི་ནང་མཉམ་ཞུགས་གནང་མཁན་གྱི་ཨེ་མོ་རིའི་སྨན་གྱི་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མ་ཚང་མས་ཉམས་མྱོང་གསར་པ་ཞིག་དང་ཤེས་རྒྱུ་མང་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅེས་གསུངས་སོང་།  ཐེངས་འདིའི་ཤེས་ཡོན་བརྗེ་ལེན་གྱི་ཟབ་སྦྱོང་གི་ལས་རིམ་ལ་གཞིགས་ན།  སེམས་ནད་སོགས་ཀྱི་བརྗོད་གཞིའི་ཐོག་ནུབ་ཕྱོགས་པ་དང་བོད་ཀྱི་གསོ་བ་རིག་པའི་ངོས་ནས་ལྟ་སྟངས་དང་བཅོས་ཐབས་བཅས་ཀྱི་སྐོར་མཁས་པའི་གཏམ་བཤད་དང་།  ཕན་ཚུན་གྲོས་བསྡུར།  ནད་པའི་གནས་ཚུལ་སྙན་སེང་།  དེ་བཞིན་རྩོམ་ཡིག་ཀློག་རྒྱུ་དང་དཔྱད་ཞིབ།  བཅོས་ཐབས་བྱ་སྟངས།  སྨན་བཅོས་ཀྱི་གཞི་རྩའི་ཚན་རིག་སོགས་ཡོད་པ་རེད་འདུག རྩ་བའི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་ཁྱབ་ཁོངས་སུ་ཡོད་པའི་ཨེ་མོ་རིའི་སྨན་གྱི་མཐོ་སློབ་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དབར་མཉམ་འབྲེལ་གྱི་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དེ་ཉིད་ཕྱི་ལོ་ ༢༠༡༣ ལོར་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་ལས་གཞི་འདིའི་ནང་ཨེ་མོ་རིའི་སྨན་གྱི་མཐོ་སློབ་ནས་དང་བླངས་ཐོག་རྒྱབ་ལྗོངས་མི་འདྲ་བའི་དགེ་རྒན་ཆེད་ལས་པ་ ༢༤ ཙམ་དང་སློབ་མ་ ༢༠ ལྷག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་དང་དགེ་རྒན་དབར་འབྲེལ་ཡོད་བརྗོད་གཞི་ཁག་གཅིག་གི་ཐོག་ཕན་ཚུན་སློབ་ཁྲིད་དང་ཤེས་ཡོན་བརྗེ་ལེན་གནང་ཡོད་པ་གསུངས་སོང་། The post ཨེ་མོ་རིའི་སྨན་གྱི་མཐོ་སློབ་དང་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དབར་ཤེས་ཡོན་བརྗེ་ལེན་གྱི་ཟབ་སྦྱོང་ཐེངས་བཅུ་པ་འཚོག་བཞིན་པ། appeared first on vot.
-
-31
མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་དེ་བཟང་སྤྱོད་ཙམ་མ་ཟད་ཁྲིམས་དང་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད། ཨ་རིའི་རྒྱལ་ས་ Washington DC  ཝ་ཤིང་ཊོན་ཌི་སི་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ཁྲིམས་འགལ་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་སོགས་གསུངས་ཏེ། བོད་ཕྲུག་རྣམས་ལ་བོད་མི་རིགས་ཀྱི་འདུ་ཤེས་སྐྲུན་རྒྱུར་སོ་སོའི་ནང་ནས་འགོ་འཛུགས་བྱ་དགོས་པ་ནན་བརྗོད་གནང་འདུག དེ་ཡང་སྐབས་དེར་སྲིད་སྐྱོང་མཆོག་གི་མང་ཚོགས་ལ་གསུང་བཤད་གྲུབ་མཚམས་དྲི་བ་དྲིས་ལན་གྱི་ལས་རིམ་ཁྲོད། མང་ཚོགས་ཁག་གཅིག་གིས་ཡོང་རྒྱུའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱ་རྒྱུ་ཡིན་པ་དང་འབྲེལ་ནས། བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་ཡིག་དེས་དེ་སྔོན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་ལ་སྟོན་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཡིག་ཆའི་གཞི་རྩ་མེད་པ་བཟོས་སྐོར་བརྗོད་ཀྱི་ཡོད་པའི་ཐོག་ལ་དགོངས་བཞེས་གནང་ཕྱོགས་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་རང་རེའི་གྲོས་ཚོགས་ནང་བཀའ་ཤག་གི་གྲོས་ཆོད་ཅིག་བསྣམས་ཡོད་པ་དེའི་ནང་། ཁྲིམས་ཡིག་དེ་ནི་བཟང་སྤྱོད་དང་འགལ་བ་མ་ཟད་ཁྲིམས་དང་འགལ་ཡོད་སྐོར་ཐེར་འདོན་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་དེ་ནི་ཕྱི་ལོ་ ༡༩༨༢ ལོར་གཏན་འབེབས་བྱས་པ་དེ་ཡིན་ཞིང་། ཁྲིམས་དེའི་ཆ་རྐྱེན་ཞིག་གི་འོག་ནས་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ཞེས་པ་ཞིག་བཟོས་ཡོད་པ་དང་། ཁྲིམས་འདི་ད་ལྟའི་ཆར་རང་འཇག་གནས་ཡོད་པ། ལྷག་པར་མ་འོངས་པར་འབྲེལ་མོལ་སླར་གསོ་བྱུང་ཚེ་ཕྱི་ལོ་ ༢༠༠༨ ལོར་བསྟན་པའི་ཡིག་ཆར་གཞི་བཞག་བྱ་དགོས་མིན་ཐད་གཏན་འཇག་ཐབས་བྱུས་འཆར་འགོད་ཚོགས་ཆུང་དང་ལམ་སྟོན། གོ་བསྡུར་ཞུས་ཏེ་འགྲོ་ལུགས་གཞིར་བཟུང་ཐག་གཅོད་བྱེད་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་དེ་༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་དང་ཡང་ན་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་བཀའ་མོལ་གནང་གི་ཡོད་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་ཡོད་པ་དང་། དེའི་སྐོར་ད་བར་ཞུས་དགོས་འོས་རིགས་རྣམས་ཞུས་ཟིན་པ་དང་། རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་བའང་ཡོད་ཅེས་བཤད་ཆོག་གི་མེད་སྐོར་བརྗོད་ཀྱི་ཡོད་ཅིང་། དེ་འབྲེལ་ཞིབ་ཕྲ་ད་ལྟའི་ཆར་ཞུ་རྒྱུའི་དུས་ཚོད་མིན་པར་དེས་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན་པར་བརྟེན། དེ་སྔོན་ཞུས་པ་བཞིན་ད་ལྟའི་ཆར་ཐུགས་ཕན་གསོས་པ་དེ་འདྲ་གང་ཡང་མེད་ཅེས་པ་དེས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་རྒྱ་འབྲེལ་མོལ་ལ་ཐུགས་ཕན་གསོས་པ་མེད་ཅེས་པའི་གོ་དོན་ཡིན་པར། གང་ལྟར་འབྲེལ་བ་བཞག་དགོས་ཀྱི་ཡོད་པར་༸སྐུ་མདུན་གྱི་ལམ་སྟོན་གཞིར་བཟུང་བརྟན་པོ་དང་ལྷིང་པོའི་ཐོག་འགྲོ་བཞིན་ཡོད་པ་ནན་བརྗོད་གནང་འདུག ད་དུང་མང་ཚོགས་ཁྲོད་ཕྱི་རྒྱལ་ནང་དུ་གནས་འཁོད་བོད་མི་མང་པོ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ལ་ཨ་རི་ནས་ཐོབ་པའི་རོགས་དངུལ་ཁག་གཅིག་ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཐོག་རོགས་རམ་གནང་དགོས་པའི་གནད་དོན་ཐད་ཞུས་པར་སྲིད་སྐྱོང་མཆོག་གིས། ཨ་རི་གཞུང་གིས་རོགས་དངུལ་གནང་བའི་སྐབས་ཡིག་ཆར་ཚིག་གཞི་ཇི་འཁོད་ལྟར་འགྲོ་དགོས་ཀྱི་ཡོད་སྟབས། དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོད་པའི་ཚིག་གཞིའི་ནང་ལྷོ་ཨེ་ཤི་ཡ་ཞེས་གསལ་ཡོད་པར་ད་ལྟའི་ཕྱི་ལོ་ ༢༠༢༦ ལོའི་བཀའ་འཁྲོལ་ཚིག་གཞི་གསར་པ་ཡོད་པ་དང་། དེར་གཞིར་བཞག་སྟེ་རྒྱ་གར་དང་བལ་ཡུལ་ཙམ་མིན་པར་ས་ཁུལ་གཞན་ལ་ཁྱབ་ཐུབ་ཐབས་དང་། ཨ་རིའི་གྲོས་ཚོགས་ཀྱི་དགོངས་པ་ཡོད་པ་གཞིར་བཟུང་འཛིན་སྐྱོང་ནས་ལག་བསྟར་བྱས་ཚེ། ལམ་ཁ་མང་བ་སྒོ་ཕྱེ་ཡི་ཡོད་པ་དང་ཆབས་ཅིག རོགས་དངུལ་བེད་སྤྱོད་གཏོང་ཕྱོགས་ཐད་ཚིག་གཞི་གཞིར་བཟུང་འགྲོ་དགོས་པ་གསལ་བཤད་གནང་འདུག མ་ཟད་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ཐོག་ནས་བོད་མིའི་འཐབ་རྩོད་གནང་བའི་དུས་ལ་སླེབས་མེད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ད་ལྟའི་ཐབས་ལམ་དེ་ལས་ཡག་བ་དང་། མྱུར་བ། སྒྲུབ་ཐུབ་རྒྱུ་ཡོད་པ་ཞིག་ཡོད་ཚེ་ཡིན་དང་ཡིན་ཞེས་བསམ་བློ་གཏང་ཆོག་གི་ཡོད་པ་དང་གོ་བསྡུར་བྱེད་ཆོག་གི་ཡོད་ཅིང་། ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་གནས་སྟངས། ལྷག་པར་བོད་ནང་གི་གནས་སྟངས་ལ་གཞིགས་ནས་བཀའ་ཤག་གི་ཐབས་བྱུས་འཛིན་བཞིན་ཡོད་ཅེས་གསུངས་འདུག ཨ་རིས་བོད་མིའི་སྒྲིག་འཛུགས་ལ་བོད་གཞུང་ཞེས་ངོས་འཛིན་བྱ་རྒྱུའི་ཁྲིམས་འཆར་ལྟར་རྒྱ་གར་གཞུང་ནས་བོད་གཞུང་ངོས་འཛིན་གནང་ཐབས་ཀྱི་གནད་དོན་དང་འབྲེལ་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་རྗེས། སྐབས་དེར་ང་དང་ངའི་བཀའ་ཤག་ག་བ་ཡོད་ན་བོད་གཞུང་དེར་ཡོད་ཅེས་བཀའ་སྩལ་ཡོད་པ་དང་། དེའི་རྗེས་རྒྱ་གར་གཞུང་ནས་བོད་གཞུང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པར་ད་ལྟའི་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བའི་ཐོག་ལོ་རྒྱུས་ཀྱི་གནས་བབ་སྐོར་ཤུགས་གནོན་འཕར་མ་སྐྱོན་བཞིན་ཡོད་པ་མ་ཟད། […] The post མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་དེ་བཟང་སྤྱོད་ཙམ་མ་ཟད་ཁྲིམས་དང་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད། appeared first on vot.
-
-32
ཁུ་ནུ་ནང་དུ་སློབ་གྲྭའི་དབུ་འཛིན་དང་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་གྱི་ཟབ་སྦྱོང་འགོ་འཛུགས།
Kinnaur Baudh Sewa Sangh འམ་ཁུ་ནུ་ཆོས་འཁོར་གླིང་དགོན་པ་དང་། ཨེ་མོ་རི་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་། དེ་བཞིན་ Piramal Foundation པི་རཱ་མལ་ཐབས་རྩ་ཁང་། ཧི་མཱ་ཅལ་གཞུང་གི་ཤེས་རིག་ལས་ཁུངས་ Samagra Shiksha སམགྲ་ཤིཀྵཱ་བཅས་ཐུན་མོང་གི་གོ་སྒྲིག་འོག ཀི་ནོར་རྫོང་གི་རིཀོང་སྤེའུར་ Reckong Peo ནང་དུ་རྟེན་གཞིས་བྱས་པའི་བདག་ཉིད་ཆེན་པོ་གཱན་དྷིའི་སྤྱི་གླིང་དུ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༢ ཉིན་ཁུ་ནུ་དང་སྤི་ཏི་ཡོད་པའི་གཞུང་དང་སྒེར་གྱི་སློབ་གྲྭ་ཁག་དྲུག་ཅུའི་དབུ་འཛིན་དང་དགེ་རྒན་ཁག་ལ་དམིགས་ནས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་འགོ་འཛུགས་གནང་འདུག ཟབ་སྦྱོང་དེ་བཞིན་འདི་ཚེས་ ༢༤ བར་ཉིན་གྲངས་གསུམ་རིང་འཚོགས་བཞིན་ཡོད་ཅིང་། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། སྐུའི་གོ་སྟོན་བྱམས་བརྩེ་ལོའི་སྲུང་བརྩི་ཆ་ཤས་སུ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་འདུག དེ་རིང་དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་༸སྐྱབས་རྗེ་རྒྱ་བུང་མཆོག་སྤྲུལ་རིན་པོ་ཆེ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་གི་འགན་འཛིན་དང་སཱི་ཤེས་ཡོན་སློབ་གསོའི་གསར་འཛུགས་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གཱི་ལགས། སློབ་དཔོན་ཆེན་མོ་ཡུ་ཀི་ཨིམོཊོ་ལགས། ཧི་མཱ་ཅལ་གཙུག་ལག་སློབ་གཉེར་ཁང་གི་རིག་དྲུང་གྱཱན་སཱགར་ནེ་གི་ལགས། སཱི་ཤེས་ཡོན་སློབ་གསོ་བ་བརྩོན་འགྲུས་བསམ་འཕེལ་ལགས། དེ་བཞིན་མཁས་པ་དང་གནད་ཡོད་སྐུ་མགྲོན་གཞན་ཁག་གཅིག་སོགས་ཚོགས་བཅར་བ་བརྒྱ་ལྷག་ནས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། གསུང་བཤད་གནང་བའི་ཁྲོད་ SEE སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་དེ་ནི་མངའ་སྡེ་དང་རྒྱལ་ཁབ་ཙམ་མིན་པར། འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་མ་འོངས་གནས་བབ་དེ་ད་ལྟའི་མི་ཚེ་སྐྱེལ་སྟངས་ལ་རག་ལུས་ཀྱི་ཡོད་སྟབས། གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་བ་དང་འབྲེལ། ལེགས་གསོ་བསྔགས་བརྗོད་དང་། ཁྱད་པ་དུ་ཀི་ནོར་ས་ཁུལ་ནས་མཁས་པ་མང་པོ་བྱུང་ཡོད་པར་རེ་བ་ཆེན་པོ་ཡོད་ཅེས་གསུངས་འདུག འདི་ག་རླུང་འཕྲིན་ཁང་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གཱི་ལགས་སུ་བཀའ་འདྲི་ཞུས་པར། ད་རེས་ཟབ་སྦྱོང་དེ་ནི་༸རྒྱལ་བའི་གོ་སྟོན་དང་བསྟུན་ནས་གོ་སྒྲིག་ཞུས་པ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་༸རྒྱལ་བའི་བཞུགས་གནས་ཧི་མཱ་ཅལ་མངའ་སྡེ་ཆགས་ཀྱི་ཡོད་པར་དེ་སྔོན་ཧི་མཱ་ཅལ་ཤེས་རིག་ལས་ཁུངས་ནས་སཱི་ཤེས་ཡོན་སློབ་གསོ་དེ་སློབ་གྲྭ་ཡོངས་རྫོགས་ནང་རིམ་པས་ལག་བསྟར་ཞུ་རྒྱུའི་ཞལ་བཞེས་གནང་ཡོད་ཅིང་། རིམ་པ་ཁུ་ནུ་ནང་དུ་དེ་འབྲེལ་ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཉིན་གསུམ་གྱི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་གནང་བར་རྟེན་འབྲེལ་བཟང་པོ་དང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་སོང་ཞེས་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་ཟབ་སྦྱོང་ནང་མཁས་དབང་རྣམ་པའི་གསུང་བཤད་དང་། སེམས་མྱོང་སྟངས་འཛིན་དང་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས། སློབ་ཕྲུག་རྣམས་ཀྱི་བློ་རྩེ་གཅིག་སྒྲིམ་གྱི་ཐབས་ལམ། བྱམས་སྙིང་རྗེ་གོང་འཕེལ་གཏོང་ཐབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་ཐབས་སོགས་ཀྱི་ཐོག་ཟབ་ཁྲིད་གནང་གི་ཡོད་པ་རེད་འདུག […] The post ཁུ་ནུ་ནང་དུ་སློབ་གྲྭའི་དབུ་འཛིན་དང་དགེ་རྒན་རྣམས་ལ་སཱི་ཤེས་ཡོན་གྱི་ཟབ་སྦྱོང་འགོ་འཛུགས། appeared first on vot.
-
-33
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ།
ཁ་ཉིན་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༧ པའི་ཐོག་བཞུགས་སྒར་བོད་ཀྱི་ཟློས་གར་གྱི་ཚོགས་ཁང་དུ།  བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་བ་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ཡོངས་གྲགས་སུ་ཨ་ཇོ་ཌེ་ནི་ལགས་ཀྱིས་བཟོ་བསྐྲུན་གནང་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མིག་ཡིད་རྣ་བའི་དགའ་སྟོན་ལས་མཆེད་པའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་གྱི་མཛད་སྒོ་འཚོགས་སོང་། དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་གཙོས་པའི་བཀའ་བློན་གཞན་དང་སྤྱི་འཐུས་ཁག་གཅིག་དང་།  ཁྲིམས་ཞིབ་པ་གཞན་མ་ཟད།  ༸སྐྱབས་་རྗེ་སླེ་ལུང་རིན་པོ་ཆེ་དང་།  གཞན་ཡང་བོད་ཀྱི་ཟློས་གར་ཚོགས་པའི་འབྲེལ་ཡོད་ཁག་གཅིག་དང་མི་མང་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཙམ་ནས་མཉམ་ཞུགས་གནང་སོང་། སྐབས་དེ་དུས་འདི་གའི་གསར་འགོད་པས་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་བ་བསོད་ནམས་བཀྲ་ཤིས་སམ་ཨ་ཇོ་ཌེ་ནི་ལགས་སུ་བོད་ཀྱི་གར་རོལ་གྱི་བྱུང་རབས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས།  ལོ་རྒྱུས་རང་བཞིན་ཅན་གྱི་དངོས་བྱུང་གློག་བརྙན་དེས་བོད་ཀྱི་སྲོལ་རྒྱུན་གྱི་གར་དེ་བཞིན་དུས་རབས་ག་དུས་བྱུང་བ་དང་།  སྡེ་པ་གཙང་པ་དང་ཧོར་སྐབས་ཀྱི་བོད་ནང་ས་གནས་མང་པོར་འཁྲབ་སྲོལ་ཡོད་པ་མ་ཟད།  ༸གོང་ས་ལྔ་པ་ཆེན་པོ་སྐབས་ནས་བཟུང་གར་དེ་ཉིད་གཞུང་འབྲེལ་མཛད་སྒོ་ཁག་ཏུ་ཕོ་བྲང་པོ་ཏཱ་ལ་དང་དམིགས་བསལ་གྱི་སྐུ་མདུན་ཆིབས་བསྒྱུར་སྐབས་སུ་འཁྲབ་སྲོལ་ཡོད་པ་སོགས། བོད་ཀྱི་ལོ་རྒྱུས་ཁྲོད་གནད་འགག་ཅན་ཞིག་ཆགས་ཡོད་དུས།  དངོས་བྱུང་གློག་བརྙན་འདི་སྤྱི་ཡོངས་ནས་གར་གྱི་རིག་གནས་མི་ཉམས་རྒྱུན་འཛིན་དང་མ་འོངས་དུས་སུ་གར་སྐོར་ཉམས་ཞིབ་གནང་མཁན་ཚོར་དཔེ་བལྟ་ས་ཞིག་ཏུ་འགྱུར་བར་རེ་བ་དང་བཅས་ཏེ་བཟོ་བསྐྲུན་གནང་བ་ཞིག་ཡིན་པ་གསུངས་སོང་།  ཁ་ཉིན་རེས་གཟའ་སྤེན་པའི་ཉིན་གྱི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས།  ལྕགས་ཟམ་པ་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྒྱུ་རྩལ་བ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་ལོ་ངོ་བཞི་བཅུ་ལྷག་རིང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་རིག་གནས་མི་ཉམས་རྒྱུན་འཛིན་ཐོག་མུ་མཐུད་ཕྱག་ལས་གནང་བར་ཆེ་བསྟོད་ཀྱིས་ཐུགས་རྗེ་ཆེ་ཞུས་གནང་སོང་ལ།   སྐབས་དེ་དུས་སྒྱུ་རྩལ་བ་ཁྱུང་བྱང་གཞུང་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས།  བོད་ཀྱི་ཟློས་གར་ཚོགས་པ་དེ་ཉིད་༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་གཞི་ལས་གལ་ཆེན་དོན་ཆེན་དུ་གཟིགས་ནས་གསར་འཛུགས་གནང་བ་ཞིག་ཡིན་དུས།  གཞུང་དང་མི་དམངས་གཉིས་ཀའི་ངོས་ནས་རིག་གཞུང་ཉར་ཚགས་གནང་མཁན་གྱི་གནད་ཡོད་མི་སྣ་ཇི་ཡོད་རྣམས་ལ་མ་འཆི་གོང་དུ་བརྩི་མཐོང་དང་བདག་པོ་རྒྱག་དགོས་གལ་ཡིན་པ་གསུངས་སོང་། ཁོང་གིས་ད་དུང་ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་འཇར་མཱ་ནིའི་རྒྱལ་ས་སྦར་ལིན་ནང་དུ་སྣ་མང་རིག་གཞུང་འཁྲབ་སྟོན་ཐེངས་ ༣༠ པའི་ཐོག་༸རྒྱལ་བའི་གོ་སྟོན་བྱམས་བརྩེའི་ལོ་སྲུང་བརྩིའི་ཆེད་དུ། འཇར་མཱ་ནི་བོད་རིགས་ཚོགས་པ་མཉམ་ཞུགས་དང་། བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་སྦྲགས། ཨང་རིམ་དང་པོ་ཐོབ་ཡོད་པར་བསྔགས་བརྗོད་ཡི་རངས་ཀྱིས་སྐབས་དེའི་དུས་ཀྱི་འཁྲབ་སྟོན་གནང་མཁན་ཚོར་མཇལ་དར་བསྒྲོན་འབུལ་ཞུས་སོང་། ལྷག་པར་དུ་མཛད་སྒོའི་ཐོགས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་ལགས་ཀྱིས།  ཟློས་གར་འདིའི་བརྒྱུད་ནས་ཚང་མས་གཞས་མཉམ་དུ་གཏོང་གི་ཡོད་དུས་བོད་པའི་སྐད་དེ་བཞིན་སྒྲ་དག་ཏུ་འགྲོ་ཡག་དང་སྐད་ཕྱུག་ཏུ་འགྲོ་ཡི་ཡོད་པ་བཅས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་གསུངས་སོང་ལ།  བོད་ཀྱི་ཟློས་གར་ཚོགས་པ་འདི་ནས་ཐོན་པའི་ཨ་ཇོ་ཌེ་ནི་ལགས་ལྟ་བུ་སྒྱུ་རྩལ་བས་སྐུ་ཚེ་ཧྲིལ་པོར་རང་གི་རིག་གཞུང་དང་སྒྱུ་རྩལ་བློས་མ་བཏང་བར་ཉར་ཚགས་བྱེད་པར་ཆེ་བསྟོད་ཞུས་གནང་སོང་།   མ་ཟད་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ་གྲུབ་མཚམས།  བོད་ཀྱི་ཟློས་གར་ཚོགས་པ་དང་སྒྱུ་རྩལ་བ་བསོད་ནམས་བཀྲ་ཤིས་ལགས་ཟུང་འབྲེལ་གྱི་ཐོག་ནས་གཞས་སྣ་འཁྲབ་སྟོན་གྱི་ལས་རིམ་ཞིག་ཀྱང་གཟིགས་མོ་བ་རྣམས་ལ་སྤྱན་འབུལ་ཞུས་སོང་།  The post སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཆོད་སྤྲིན་གར་རོལ་གྱི་བྱུང་རབས་སྐོར་གྱི་དངོས་བྱུང་གློག་བརྙན་གཟིགས་འབུལ། appeared first on vot.
-
-34
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་རྒྱ་གར་ནང་གི་ཕྱོགས་བསྐྱོད་ལ་ངོ་རྒོལ།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཕྱི་ཚེས་ ༢༡ ཉིན་གྱི་མཚན་མོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་ཆེད་འབྱོར་གྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ Wang གི་ཐེངས་འདིའི་རྒྱ་གར་ནང་གི་ཕྱོགས་བསྐྱོད་ལ་ངོ་རྒོལ་དང་། རྒྱ་གར་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་ལ་ངེས་པར་འདྲི་རྩད་གནང་དགོས་པའི་འབོད་སྐུལ་ཞུས་སོང་། དེའང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཟླ་བ་འདིའི་ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ལྡི་ལི་གསར་པའི་ནང་ BRICS རྒྱལ་ཁབ་རྣམས་ཀྱི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་ཚོགས་འདུའི་ཁྲོད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་རྒྱ་གར་གི་སྐུ་ཚབ་ལྷན་བོད་དང་རྒྱ་གར་གྱི་ས་མཚམས་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་འདུག་པའི་གནས་ཚུལ་ཐོན་གསལ་ལྟར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལས་ཁུངས་ནང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་རྒྱ་གར་དབུས་སའི་གཞུང་ལ་ད་ལན་རྒྱ་གར་དུ་ BRICS ཚོགས་འདུ་སྐོང་ཚོགས་ཞུ་རྒྱུའི་གོ་སྐབས་བྱུང་བར་འཚམས་འདྲི་ཞུས་པ་དེ་ལྟར་ཡང་། དེའི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་རྒྱ་དམར་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟེར་བ་ཚོགས་བཅར་བྱེད་ཀྱི་ཡོད་པར་ངོ་རྒོལ་སྐྱོན་བརྗོད་གནང་སོང་། ལྷག་པར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དམིགས་བསལ་དོ་སྣང་དང་བློ་འཚབ་བྱེད་དགོས་པ་ཞིག་ནི། དགྲ་བོ་རྒྱ་དམར་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་ཡིག་དེའི་མགོ་སྐོར་འོག་རྒྱ་ནག་རང་གི་བཙན་འོག་ཏུ་གནས་པའི་མི་རིགས་ཁག་གི་མི་མང་རྣམས་ཚུད་ཉེན་ཡོད་ཅིང་། རྒྱ་དམར་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་དང་སྐད་ཡིག་མཉམ་བསྲེས། མདོར་ན་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་རྒྱུ་སོགས་ལ་བཙན་གྱིས་སྐུལ་འདེད་བྱས་ཏེ་ཡོད་ཚད་ཀྲུང་གོ་ཅན་དང་ཡང་ན་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་ཁྲིམས་ཐོག་ནས་འཇིགས་སྐུལ་དང་བཙན་སྐུལ་བྱེད་བཞིན་ཡོད་ཅེས་ནན་བརྗོད་གནང་སོང་། གསར་འགོད་ལྷན་ཚོགས་མཇུག་སྒྲིལ་མཚམས་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་ཐེངས་འདིའི་ཚོགས་འདུ་བརྒྱུད་རྒྱ་དཀར་ནག་གཉིས་ལ་བརྡ་ལན་ཇི་ཡོད་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་གར་གཞུང་ངོས་ནས་ BRICS ཚོགས་འདུའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་ལ་ངེས་པར་འདྲི་རྩད་བྱེད་དགོས་པའི་རེ་འདུན་དང་མཉམ་དུ་རྒྱ་གཞུང་ལ་བོད་མི་རྣམས་ཀྱིས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་ངོ་རྒོལ་སྐད་འབོད་དང་གསལ་འགོད་གསལ་བསྒྲགས་སོགས་པའི་ལས་འགུལ་སྣ་མང་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་། The post རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་རྒྱ་གར་ནང་གི་ཕྱོགས་བསྐྱོད་ལ་ངོ་རྒོལ། appeared first on vot.
-
-35
བོད་མི་གཙོས་ཡུ་གུར་དང་སོག་པོ་སོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོས་ལེན་མེད་པའི་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་བཏོན་དགོས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བོད་མི་གཙོས་རྒྱ་ཡི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་མི་རིགས་རྣམས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་སྣང་མེད་དཀྱུར་འཇོག་མ་བྱས་པར་དེར་ངོས་ལེན་མེད་པ་དང་དགག་པ་མཐའ་གཅིག་ཏུ་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་དགོས་པ་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་ཆ་ཨ་རིའི་ཝ་ཤིང་ཌོན་ཌི་སི་རུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་ཚོགས་མི་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་ཡོད་པ་དང་། སྐབས་དེར་བོད་པའི་གསར་འགོད་པ་ཟུར་པ་ཞིག་ནས་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་སུ་བོད་དོན་སྐོར་གྲོས་འཆར་གསར་པ་གཉིས་ཆེད་འདོན་གནང་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁྲིམས་འཆར་འདི་ལྟ་བུ་ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་རྒྱུ་ཐག་ཉེ་པོར་འགྲོ་བའི་ལམ་ཁ་ཞིག་ལ་གཟིགས་མིན་དང་དེར་རེ་བ་ཇི་ཡོད་བཅས་ཀྱི་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ནས་བོད་ཐོག་ཁྲིམས་ཡོད་པ་འདི་ཨ་རི་གཅིག་པུ་ཆགས་ཀྱི་ཡོད་པ་དང་། འདི་ཡང་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཆགས་ཀྱི་ཡོད་པ་དང་དེ་ནས་རིམ་པའི་ཁྲིམས་འཆར་དེར་བསྐྱར་བཅོས་ཀྱིས་ཁྲིམས་འཆར་དང་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་སོགས་གཏན་འབེབས་བྱུང་བ་མ་ཟད། ཨ་རི་གྲོས་ཚོགས་ཀྱིས་སྔོན་རྩིས་ཁྲིམས་འཆར་ནང་ཆེས་ཐོག་མར་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་གནང་རྒྱུ་ཡིན་པའི་ཚིག་བརྗོད་འཁོད་ཡོད་པ་བཅས་ལུང་འདྲེན་གནང་བ་དང་སྦྲགས། ང་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གཞུང་འབྲེལ་ངོས་འཛིན་ཐོབ་པར་ད་དུང་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པའི་ཐོག་འབད་བརྩོན་གནང་མུས་ཡིན་པ་དང་ལྷག་པར་དུ་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་ཐུབ་པར་ཚང་མས་ཧུར་བསྐྱེད་གནང་དགོས་གལ་ཡིན་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པའི་མཇུག་འབྲས་ཚབས་ཆེན་སྐོར་དང་འབྲེལ། འདི་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྐད་ཡིག་བཅས་པའི་ངོ་བོ་ཡོངས་སུ་རྫོགས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ངན་པ་ཞིག་ཆགས་ཀྱི་ཡོད་པ་དང་སྲིད་བྱུས་འདི་ཉིད་དངོས་སུ་ལག་བསྟར་ལོ་འགའ་ཤས་སྔོན་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ཆ་ཤས་འོག་ནས་བྱེད་བཞིན་ཡོད་པ་དང་། ད་རེས་བྱེད་ལས་དེ་དག་ལ་ཁྲིམས་ཐོག་ནས་ངོས་འཛིན་བྱས་པ་དང་།  ལྷག་པར་དུ་དེའི་ནང་དོན་ཚན་ ༦༣ པ་དེ་བཞིན་རྒྱལ་མཚམས་བརྒལ་བའི་གནས་སྟངས་ཆགས་ཀྱི་ཡོད་སྟབས།  ཉེ་ཆར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་དབུ་འབྱེད་གཏམ་བཤད་ནང་། རྒྱ་ནག་གཞུང་གིས་བོད་གཙོས་རྒྱ་ཡི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་མི་རིགས་དེ་དག་གི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་དང་སྦྲགས། རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཉིད་འཕྲལ་དུ་ཕྱིར་བསྡུ་དང་མཚམས་འཇོག་དགོས་པའི་ནན་བརྗོད་གནང་ཡོད་པ་སོགས་ལུང་འདྲེན་གནང་སྟེ་བོད་མི་གཙོ་བོར་གྱུར་པའི་ཡུ་གུར་དང་སོག་པོ་སོགས་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེར་མོས་མཐུན་མེད་པ་དང་དགག་པ་མཐའ་གཅིག་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་དགོས་པ་གསུངས་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་ལ་ད་ལྟའི་ཨ་རིའི་གྲོས་ཚོགས་ནང་གི་གཞོན་སྐྱེས་མི་རབས་གསར་པའི་གྲོས་ཚོགས་འཐུས་མི་ཚོ་དང་འབྲེལ་བ་ཇི་ཙམ་གནང་ཐུབ་མིན་སྐོར་བཀའ་འདྲི་གནང་བའི་བཀའ་ལན་དུ། དེ་སྔའི་བཀའ་ཤག་དང་ད་ལྟའི་བཀའ་ཤག་ངོས་ནས་ཨ་རིའི་གྲོས་ཚོགས་ནང་གི་བགྲེས་གཞོན་འཐུས་མི་རྣམས་དང་གང་མང་འབྲེལ་བ་གཏིང་ཟབ་བྱ་རྒྱུའི་འབད་བརྩོན་ཞུས་མུས་ཡིན་པ་དང་ལྷག་པར་བོད་དོན་རྒྱུན་གནས་ཐུབ་པར་གཞོན་སྐྱེས་འཐུས་མི་གསོ་སྐྱོང་གནང་རྒྱུ་དེ་གལ་འགངས་ཆེན་པོར་རྩིས་འཞིན་ཡོད་ཅེས་གསུངས་འདུག དེའི་ཁྲོད་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་ཁེ་ན་ཌར་སྤྱི་འཐུས་ཀྱི་ཞབས་ཀྱག་ལོགས་སུ་དགོས་གལ་གཟིགས་མིན་ཐད་ད་ལྟའི་བཀའ་ཤག་གི་དགོངས་ཚུལ་ཇི་ཡིན་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་སྐབས་ ༡༧ པའི་བཀའ་ཤག་དང་སྤྱི་འཐུས་སྐབས་ ༡༨ པ་གསར་པ་ཕེབས་གྲུབ་མ་ཐག་ཡིན་པ་སོང་ཙང་ལམ་སེང་སྤྱི་འཐུས་ཀྱི་གྲུབ་གཞི་སོགས་ཀྱི་ཐོག་ལ་བཀའ་མོལ་ཡོང་དཀའ་བ་ཞིག་ཡིན་ནའང་། བཀའ་ཤག་གི་མ་འོངས་བོད་ཀྱི་འགན་སྲུང་ཡིག་ཆ་གཞིར་བཟུང་ལྟར་ན་ང་ཚོས་དུས་དང་གནས་བབ་ལ་དཔག་པའི་མང་གཙོའི་སྒྲོམ་གཞི་དང་སྤྱི་འཐུས་ཀྱི་གྲུབ་ཆ་དག་དངོས་ཡོད་གནས་སྟངས་དང་མཐུན་པའི་འགྱུར་བ་གང་འདྲ་དགོས་མིན་ཐད་བགྲོ་གླེང་བརྒྱུད་ཕྱག་བསྟར་དགོས་པ་འཁོད་ཡོད་ཅེས་དང་བཀའ་ཤག་གི་གཙོ་བོ་འོས་ཀྱི་ཐོབ་ཐང་འདྲ་མཉམ་གྱི་ལམ་བུར་བསྐྱོད་ཐུབ་ཚེ་རྒྱལ་སྤྱིའི་ཐོག་ནས་མང་གཙོ་ཚད་ལྡན་ཇི་ལྟར་ཡོད་མེད་འགྲེལ་བརྗོད་བྱེད་སླ་བ་དང་དེས་བོད་མིའི་སྤྱི་ཚོགས་ནང་མཐུན་ལམ་ལ་ཕན་པ་སོགས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་མཆོག་ད་རེས་ཨ་རིའི་ཝ་ཤིང་ཌོན་ཌི་སི་རུ་གཞུང་འབྲེལ་འཚམས་གཟིགས་གནང་དོན་གཙོ་བོ་ནི། ཨ་རིའི་རོགས་དངུལ་བཀའ་ཁྲོལ་གཏན་འབེབས་ཡོད་པ་རྣམས་ལས་གཞི་གང་དང་གང་ལ་ཐོབ་མིན་ཐོག་གསལ་ཆ་ཡོང་ཆེད་དུ་ཡིན་པ་དང་དེའི་སླད་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྔོན་རྩིས་ཚན་པའི་ལས་བྱེད་མཐོ་གྲས་ཁག་གཅིག་དང་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་སོགས་དང་མཇལ་མོལ་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༥ ཉིན་ཨ་རིའི་ཝ་ཤིང་ཌོན་ཌི་སི་རུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད་པའི་ཁྲོད། ཨ་རི་སྐུ་ཚབ་དོན་ཁང་དུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱི་ལས་བྱེད་རྒན་པ་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་གནད་དོན་ཁག་སྲིད་བྱུས་དང་ཐག་གཅོད་བརྒྱུད་ནས་གོང་འཕེལ་གཏོང་ཐབས་སྐོར་གླེང་མོལ་གནང་འདུག དེ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་བསྟི་གནས་ཀེ་པི་ཊོལ་ཧིལ་དུ་ཡུལ་དེའི་གྲོས་ཚོགས་འོག་མའི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཕྱི་སྲིད་ལས་དོན་དང་། འབྲེལ་ཡོད་ལས་གཞི་བཅས་ཀྱི་ནང་གསེས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ (Mario Diaz-Balart) ལགས་ཀྱི་ལས་བྱེད་ (Jamie McCormick) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་དངུལ་རྩིས་དང་། བློ་འཚབ་ཆེ་བའི་གནད་དོན། དེ་བཞིན་མ་དངུལ་གྱི་གནད་དོན་བཅས་ཀྱི་ཐོག་གྲོས་མོལ་གནང་ཡོད་པ་རེད། The post བོད་མི་གཙོས་ཡུ་གུར་དང་སོག་པོ་སོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོས་ལེན་མེད་པའི་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་བཏོན་དགོས། appeared first on vot.
-
-36
དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་དང་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་འདྲི་རྩད།
ཁ་ཉིན་དབྱིན་ཡུལ་གྲོས་ཚོགས་འོག་མའི་ནང་ཡུལ་དེའི་ཕྱི་སྲིད་དྲུང་ཆེ་ལས་རོགས་མཆོག་ལ་བོད་དོན་དང་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་འདྲི་རྩད་ནན་པོ་གནང་འདུག   དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༦ ཉིན་རྒྱབ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཡུལ་དེའི་ཕྱི་སྲིད་དྲུང་ཆེ་ལས་རོགས་མཆོག་ལ་བོད་དོན་དང་བོད་ཀྱི་ཁོར་ཡུག་གནས་སྟངས་སྤྱིའི་ཐོག་སེམས་འཚབ་དང་འབྲེལ་འདྲི་རྩད་རིམ་པ་གནང་ཡོད་པའི་ཁྲོད། དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཟུར་པ་ Kerry McCarthy ལགས་ཀྱིས་བོད་ནང་རྒྱ་ནག་གི་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་རྒྱག་གྱི་ལས་གཞི་ཁག་དང་གནམ་གཤིས་འགྱུར་ལྡོག་དབང་གིས་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་སྲིད་པ་འགྲེལ་བརྗོད་ཀྱིས། དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཐོག་གནད་དོན་འདི་དག་གང་འདྲ་བྱས་ནས་གླེང་སློང་བྱེད་ཐུབ་མིན་དང་ལྷག་པར་དུ་ས་གནས་བོད་མི་རྣམས་འཛུགས་སྐྲུན་ལས་གཞིའི་གྲོས་མོལ་ནང་མཉམ་ཞུགས་བྱེད་དགོས་པར་ཕྱི་སྲིད་དྲུང་ཆེས་མོས་མཐུན་གནང་གི་ཡོད་མེད་སྐོར་འདྲི་རྩད་གནང་འདུག སྐབས་དེར་ཕྱི་སྲིད་དྲུང་ཆེས་དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱ་ནག་དང་མཉམ་དུ་གནམ་གཤིས་དང་ཁོར་ཡུག་གི་གནད་དོན་ཐད་མུ་མཐུད་གྲོས་བསྡུར་བྱེད་མུས་ཡིན་ཞེས་དང་། ཉེ་ཆར་རྒྱལ་ཁབ་གཉིས་ཀྱི་ཁོར་ཡུག་གྲོས་མོལ་སྐབས་རང་བྱུང་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་ལན་འདེབས་བསྐྱོན་འདུག མ་ཟད་འདྲི་རྩད་ཀྱི་ལས་རིམ་དེའི་ཐོག་དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ Ms. Wera Wobhouse ལགས་ཀྱིས་ཀྱང་ཁོང་གཙོས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་གྱི་སྐུ་མགྲོན་ཐོག་ནས་བཅར་རྒྱུ་བྱུང་བའི་མྱོང་བ་འགྲེལ་བརྗོད་དང་འབྲེལ། སྒྲིག་འཛུགས་འདིའི་ངོས་ནས་བོད་ནི་ཕྱི་ཕྱོགས་ཀྱི་མི་སྣ་དང་གནས་ཚུལ་འགྲོ་འོང་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ཡོད་པར་བློ་འཚབ་གནང་གི་ཡོད་པ་དང་ཕྱི་གསལ་ནང་གསལ་མེད་པའི་གནས་སྟངས་འདིའི་རྐྱེན་གྱིས་བོད་ནང་ཁོར་ཡུག་གི་གནོད་འཚེ་ཚབས་ཆེ་ཐེབས་ཐུབ་པ་དང་དེས་འཛམ་གླིང་ཡོངས་ལའང་ཤུགས་རྐྱེན་ཐེབས་པའི་སྐོར་ལ་ཕྱི་སྲིད་དྲུང་ཆེ་མཆོག་ལ་དོ་སྣང་ཡོད་དམ་ཞེས་བཀའ་འདྲི་གནང་བར། ཁོང་གིས་ལྕམ་སྐུ་ཉིད་ཀྱིས་གནད་དོན་གལ་ཆེན་འདི་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ནང་ཁོར་ཡུག་གི་ལས་གཞི་ཆེན་པོ་དག་གི་རྐྱེན་པས་བོད་མི་རྣམས་བཙན་གྱིས་རང་གི་ཕ་མེས་ཀྱི་གྲོང་གསེབ་ནས་གཞན་དུ་གནས་སྤོ་བྱེད་དགོས་པའི་གནས་ཚུལ་ཐོན་པར་ཕྱི་སྲིད་ལས་ཁུངས་ངོས་ནས་བློ་འཚབ་བྱེད་བཞིན་ཡོད་ལ། བློ་འཚབ་ཀྱི་གནད་དོན་འདི་དག་ཐོག་ཁོང་ཚོས་མུ་མཐུད་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་གསུངས་འདུག དེའི་ཁྲོད་ཁ་སང་དབྱིན་ཡུལ་གྲོས་ཚོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༦ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་གྲོས་ཚོགས་འཐུས་མི་དགུ་ལ་ངོ་བཅར་གྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འདུག ཞུ་གཏུག་ལས་འགུལ་དེ་བཞིན་དབྱིན་ཡུལ་དང་བླངས་བོད་དོན་ཞུ་གཏུག་ཚོགས་པས་གོ་སྒྲིག་དང་དབྱིན་ཡུལ་རྒྱལ་ཡོངས་འབྲེལ་མཐུད་ལས་ཁང་གི་སྣེ་ཁྲིད་འོག་སྤེལ་འདུག་ཅིང་། དེར་དབྱིན་ཡུལ་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་དོན་ལས་འགུལ་ལྟེ་གནས་ཁང་། དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་དང་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་དབྱིན་ཡུལ་གྱི་བོད་མི་ཚོགས་པ་བཅས་ཀྱིས་རྒྱབ་སྐྱོར་གནང་ཐོག་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ལྷན་ཞུགས་གནང་འདུག   དེའི་སྐོར་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་ཡོད།  ཁ་སང་ལས་འགུལ་གྱི་ཆ་ཤས་སུ། མཉམ་ཞུགས་པ་རྣམས་ཀྱིས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་བདུན་ཙམ་དང་ཐུག་འཕྲད་གནང་སྟེ། རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ལ་ངོ་རྒོལ་བྱས་ཏེ་དེས་བོད་མིའི་ངོ་བོ་དང་རིག་གཞུང་། སྐད་དང་ཆོས་དད་བཅས་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པས་ཕྱིར་འཐེན་དགོས་པ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་གིས་བོད་པའི་བྱིས་པ་རྣམས་རང་གི་རིག་གཞུང་དང་སྐད་ཡིག་ལས་ཁ་བྲལ་དུ་འཇུག་པ་དང་བྱིས་པའི་ཐོབ་ཐང་དང་འགལ་གྱི་ཡོད་པའི་གནས་ཚུལ་སྐོར་གྲོས་ཚོགས་ནང་དྲི་བ་འདོན་དགོས་པ། ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བ་དང་། རྒྱ་ནག་གཞུང་གིས་བརྒྱུད་རིམ་འདིའི་ནང་ཐེ་བྱུས་བྱེད་རྒྱུར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་དོན་ཚན་གསུམ་ཆེད་འདོན་གནང་འདུག ཐེངས་འདིའི་བོད་དོན་ཞུ་གཏུག་ཁྲོད་མཉམ་ཞུགས་བ་ཚོས་གྲོས་ཚོགས་འཐུས་མི་ Vicky Foxcroft ལགས་དང་ Laura Kyrke-Smith  ལགས། James Cleverly ལགས། དེ་བཞིན་ Stella Creasy ལ་སོགས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ཐུག་འཕྲད་གནང་བ་མ་ཟད། བོད་ཀྱི་སྐོར་ལ་གྲོས་བསྡུར་གནང་ཐུབ་པ་བྱུང་འདུག དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་དང་ཐུག་འཕྲད་གནང་རྗེས་མཉམ་ཞུགས་པ་རྣམས་ནས་ཡུལ་དེའི་གྲོས་ཚོགས་ཀྱི་ Portcullis House ཚོགས་ཁང་དུ་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ […] The post དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་དང་བོད་ཀྱི་ཁོར་ཡུག་གནད་དོན་ཐོག་འདྲི་རྩད། appeared first on vot.
-
-37
༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༤༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི།
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལ་དབང་གི་རྡོ་རྗེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༤༢ དང་ཕྱི་ལུགས་ལྟར་དགུང་གྲངས་ ༤༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གང་ཉིད་ཀྱི་གདན་ས་རུམ་བཏེག་དང་བཞུགས་སྟོད་གྲྭ་ཚང་གཙོས་པའི་ཕྱི་ནང་གི་དད་ལྡན་རྣམ་པས་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། དེ་ཡང་བོད་ཟླ་ ༥ ཚེས་ ༡ སྟེ། ཕྱི་ཟླ་ ༦ ཕྱི་ཚེས་ ༡༦ ཉིན་འབྲས་ལྗོངས་ནང་དུ་རྟེན་གཞིས་བྱས་པའི་༸དཔལ་རྒྱལ་དབང་ཀརྨ་པ་གང་ཉིད་ཀྱི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་དྲུང་གོོ་ཤྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོར་འབྲས་ལྗོངས་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་ Prem Singh Tamang པྲེམ་སིང་རྟ་མང་མཆོག་དང་དབུས་པའི་མངའ་སྡེ་གཞུང་གི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་ལགས། མངའ་སྡེའི་གནད་ཡོད་སྐུ་མགྲོན་གཞན་ཁག་གཅིག་དང་སེར་སྐྱ་མང་ཚོགས་བཅས་ལྷན་ཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག མཛད་སྒོའི་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་དྲུང་གོོ་ཤྲི་རིན་པོ་ཆེ་མཆོག་དང་སྤྱི་ཁྱབ་བློན་ཆེན་མཆོག་ནས་༸རྒྱལ་དབང་མཆོག་གི་བཞུགས་ཁྲིར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་འབྲེལ། ༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་དྲུང་གོོ་ཤྲི་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་ཁྲོད། ༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་དང་འབྲེལ། སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་བཞེད་ལྷུན་གྱིས་གྲུབ་པ་མ་ཟད། མྱུར་དུ་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཞབས་སོར་འཁོད་ཐུབ་པའི་ཐུགས་སྨོན་ཞུས་འདུག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸རྒྱལ་དབང་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་དྲ་ཐོག་ཏུ། ད་རེས་འཁྲུངས་སྐར་ཉིན་གང་ཉིད་ཀྱི་གདན་ས་རུམ་བཏེག་ཏུ་༸སྐྱབས་རྗེ་རྒྱལ་ཚབ་དྲུང་གོོ་ཤྲི་སྐུ་ཕྲེང་ ༡༢ པ་དབུ་བཞུགས་ཐོག་བཅར་རྒྱུ་བྱུང་བ་དགའ་ཚོར་དང་བསོད་ནམས་ཆེན་པོ་བྱུང་ཞེས་གསུངས་བ་དང་འབྲེལ། སྐྱེས་འགྲོ་སྤྱིའི་བདེ་ཐབས་དང་འཛམ་གླིང་ཞི་བདེའི་ཆེད་དུ་༸རྒྱལ་དབང་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། སྐུའི་འཕྲོད་བཞེས་བཟང་པོ་ཡོང་བ། དེ་བཞིན་ཆོས་ཕྱོགས་ཀྱི་མཛད་པ་རྒྱུན་མཐུད་འགེགས་མེད་ཡོང་བའི་སྨོན་འདུན་ཞུས་འདུག མཛད་སྒོའི་ཐོག་གཞན་ཡང་འབྲས་ལྗོངས་མངའ་སྡེ་དགོས་གནས་དྲུང་ཆེ་ཟུར་པ་ཚེ་མཆོག་གླིང་རིན་པོ་ཆེ་མཆོག་དང་། མངའ་སྡེའི་ཆེས་མཐོའི་ཁྲིམས་དཔོན་ཟུར་པ་བསོད་ནམས་ཕུན་ཚོགས་ལགས་བཅས་ཀྱང་ཕེབས་ཡོད་ཅིང་། ཉིན་རྒྱབ་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་དང་འབྲེལ་ནས་དད་ལྡན་མང་ཚོགས་རྣམ་པས་རིག་གཞུང་འཁྲབ་སྟོན་སོགས་ཀྱི་མཛད་རིམ་ཁག་གཅིག་གཉེར་ཡོད་པ་རེད་འདུག ཕྱོགས་མཚུངས་ཁ་སང་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞིས་བྱས་པའི་སྟོད་རྒྱུད་གྲྭ་ཚང་དུ་མཁན་བླ་འདུས་སྤྱི་ཡོངས་ནས་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། དད་ལྡན་དང་དགོན་སྡེ་ཁག་འདྲ་མིན་ནང་གང་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། འབྲས་ལྗོངས་ནང་དུ་རྟེན་གཞིས་བྱས་པའི་གདན་ས་རུམ་བཏེག་དགོན་པའི་བཤད་གྲྭའི་མཁན་པོ་སྐལ་བཟང་ཉི་མ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། འབྲས་ལྗོངས་དབུས་གཞུང་ནས་རྒྱ་གར་དབུས་གཞུང་དང་ལྷན་དུ་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ནང་དུ་གདན་འདྲེན་ཞུ་རྒྱུ་ཐད་བཀའ་མོལ་གནང་དང་གནང་བཞིན་ཡོད་པ་མ་ཟད། ས་གནས་མང་ཚོགས་དང་གང་ཉིད་ལ་དད་དམ་ཡོད་མཁན་རྣམ་པས་དེ་མཚུངས་ཀྱི་རེ་བ་ཆེན་པོ་གནང་བཞིན་ཡོད་སྟབས། མྱུར་དུ་རྒྱ་གར་དུ་ཞབས་སོར་འཁོད་པའི་རེ་བ་ཞུ་བཞིན་ཡོད་བཅས་འགྲེལ་བརྗོད་གནང་སོང་། གཞི་རྩའི་༸རྒྱལ་དབང་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་ནས་དཔལ་ཀརྨ་པའི་སྤྱི་ལས་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་གསལ་བསྒྲགས་སྤེལ་དོན་ལྟར། ༸རྒྱལ་དབང་མཆོག་གི་གཞུང་འབྲེལ་འཁྲུངས་སྐར་དུས་ཆེན་བྱེས་སུ་དེ་སྔ་ཕན་ཆད་སྤྱི་ཟླ་ ༦ ཚེས་ ༢༦ ཉིན་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། འཁྲུངས་ཚེས་འཁྲུལ་མེད་དེ་བོད་ཟླ་ […] The post ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༤༢ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི། appeared first on vot.
-
-38
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་གནང་བ།
སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པ་དབུ་འཛུགས་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲོག་འོག་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་རྣམས་ནས་ཞི་བའི་སྐད་འབོད་དང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འདུག ཁ་སང་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ངེས་སྟོན་རྒྱ་མཚོ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། ས་གནས་བུད་མེད་ལྷན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས། དེ་བཞིན་གྲངས་ཉུང་མི་རིགས་ཁག་གི་སྐུ་ཚབ་དང་རྒྱ་རིགས་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་པ་དང་བོད་མི་སོགས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ལྷན་འཛོམས་གནང་ཐོག་གསར་འགོད་བསྒྲགས་གཏམ་དང་ཞུ་ཡིག་ཅིག་ཕུལ་བའི་བརྒྱུད་རྒྱལ་ཚོགས་ལ་བོད་ཀྱི་གནད་དོན་ཐོག་འགན་འཁུར་ཆེ་ཙམ་བཞེས་དགོས་པ་དང་། བོད་ནང་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་མཚམས་འཇོག་དགོས་པས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཅིག་ཐེར་འདོན་དང་སྦྲགས། ང་ཚོས་བཙན་བྱོལ་ནང་ལས་འགུལ་མུ་མཐུད་སྤེལ་ཏེ། རྒྱ་གཞུང་ལ་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་པ་མ་ཟད། ད་རེས་ཀྱི་ལས་འགུལ་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པ་དབུ་འཛུགས་དང་བསྟུན། རྒྱལ་ཚོགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ། ངེས་པར་དུ་དགོངས་པ་བཞེས་དགོས་པའི་དོན་ཚན་ཁག་ཅིག་འཁོད་པའི་ཞུ་གཏུག་ཡི་གེ་ཞིག་ཀྱང་ཕུལ་ཡོད་པ་སོགས་གསུངས་འདུག ཁ་སང་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་དབུ་འཛུགས་གནང་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པ་འདི་བཞིན་ཟླ་བ་རྗེས་མའི་ཕྱི་ཚེས་ ༧ བར་འཚོག་གནང་གི་ཡོད་ཅིང་། ད་རེས་ཀྱི་ལྷན་ཚོགས་དེ་དང་བསྟུན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ལ་བོད་དོན་ཞུ་སྙན་ཞིག་ཕུལ་འདུག་པ་མ་ཟད།  གཞན་ཡང་སྐབས་དེར་ལས་འགུལ་ཐོག་ཕེབས་པའི་སུད་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་སོགས་ནས་ཀྱང་རྒྱ་ནག་གཞུང་གི་དམ་བསྒྲགས་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། བོད་པའི་བྱིས་པ་རྣམས་བཙན་དབང་གིས་རང་ཉིད་ཕ་མ་ནང་མི་དང་ཁ་བྲལ་བཏང་སྟེ། རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་བཅའ་སྡོད་སློབ་གྲྭར་གཏོང་བཞིན་པ་སོགས་གསལ་འདོན་གྱིས། རྒྱལ་ཚོགས་དང་རྒྱལ་སྤྱིའི་འགོ་ཁྲིད་རྣམས་ནས་བོད་ནང་གི་གནད་དོན་ཐོག་དགོངས་པ་བཞེས་ཏེ་རྒྱ་གཞུང་དེ་བཞིན་འགན་ཁུར་ལྡན་པ་ཞིག་བཟོ་དགོས་པ་གསུངས་འདུག ད་རེས་ཇི་ནི་ཝ་ནང་འཚོག་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༢ པའི་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས་གནང་བའི་དབུ་འབྱེད་ཀྱི་གཏམ་བཤད་ནང་། ཉེ་ཆར་རྒྱ་ནག་གཞུང་གིས་བོད་གཙོས་རྒྱ་ཡི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་མི་རིགས་དེ་དག་གི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་དང་སྦྲགས་རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཉིད་འཕྲལ་དུ་ཕྱིར་བསྡུ་དང་མཚམས་འཇོག་དགོས་པའི་ནན་བརྗོད་གནང་ཡོད་པ་རེད།  The post རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་གནང་བ། appeared first on vot.
-
-39
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ ༦༨ འཁོར་བའི་དུས་དྲན་སྲུང་བརྩི།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན་བོད་ཀྱི་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༨ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། མི་རབས་གཞོན་པ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་གོ་རྟོགས་གོང་འཕེལ་ཡོང་ཐབས་དང་འབྲེལ། ས་གནས་སོ་སོ་ནས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་དགོས་པའི་འབོད་སྐུལ་ཞུས་སོང་། དེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་ཆུ་བཞི་སྒང་དྲུག་དཔའ་བོའི་རྗེས་དྲན་གྱི་ཚོགས་ཁང་ནང་དུས་དྲན་དེ་ཉིད་སྲུང་བརྩི་འགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་དམག་དཔོན་ཟུར་པ་ Lt Gen V K Chaturvedi མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས།  སྤྱི་འཐུས་དཀོན་མཆོག་རིན་ཆེན་ལགས།   རྒྱ་གར་གསར་འགོད་པ་དང་བོད་རིག་པའི་མཁས་པ་ Vijay Kranti ལགས། བོད་སྒར་བསམ་ཡས་གླིང་གི་གཞུང་འབྲེལ་དང་།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་གནང་འདུག དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་དྲུང་ཆེ་ཀརྨ་བསམ་གྲུབ་ལགས་ཀྱིས་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་། དེ་སྔོན་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་དབུ་ཁྲིད་འོག་སྒྲིག་འཛུགས་དེ་ཉིད་འགོ་འཛུགས་གནང་བའི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་དང་འབྲེལ།   རྒྱ་དམར་གཞུང་གི་བོད་ས་ཡོངས་རྫོགས་བཙན་བཟུང་གིས་སྤྱི་ནོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་པ་མ་ཟད།  སྒྲིག་འཛུགས་དེའི་མི་རབས་རྒན་པ་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྙིང་སྟོབས་ལ་ཞུམ་པ་མེད་པར་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་དམར་ལ་ཕར་རྒོལ་བྱས་པ་སོགས་ཀྱི་རྗེས་དྲན་ཞུས་སོང་། དེ་བཞིན་གཉན་འཕྲང་གི་ད་ལྟའི་དུས་སྐབས་འདིར་བོད་མི་ཡོངས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་སྙིང་དབུས་སུ་བཅངས་ཏེ།  ཆོལ་གསུམ་བོད་མི་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ལྟར་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་གསུངས་སོང་། ལྷག་པར་མི་རབས་གཞོན་པ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་གོ་རྟོགས་གོང་འཕེལ་ཡོང་ཐབས་དང་། བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ནུས་སྟོབས་དང་སེམས་ཤུགས་ཆེར་བསྐྱེད་ཡོང་བའི་སྤོབས་པ་བསྐྲུན་རྒྱུས་གཙོས་སྐབས་བསྟུན་གྱི་འགན་ཁུར་ལྷུར་ལེན་བྱ་རྒྱུ། དེ་བཞིན་ས་གནས་སོ་སོ་ནས་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་གནང་ཡོང་བའི་འབོད་སྐུལ་སོགས་ཞུས་སོང་། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་དཔོན་ཟུར་པ་ Lt Gen V K Chaturvedi མཆོག་ནས་སྐབས་དེར།  བོད་དང་རྒྱ་གར་གཉིས་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་ལམ་ཡོད་པའི་སྐོར་གསུངས་ཏེ།  བོད་དང་རྒྱ་གར་གཉིས་ལ་མི་རིགས་ཀྱི་ལོ་རྒྱུས་དང་།  གཞན་ལ་ངོམས་སུ་ཆོགས་པའི་ཆོས་དང་རིག་གཞུང་།  སྐད་ཡིག་བཅས་ཡོད་པའི་གདེང་སྤོབས་ངེས་པར་དུ་དགོས་པ་དང་།   […] The post མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་ལོ་ ༦༨ འཁོར་བའི་དུས་དྲན་སྲུང་བརྩི། appeared first on vot.
We're indexing this podcast's transcripts for the first time — this can take a minute or two. We'll show results as soon as they're ready.
No matches for "" in this podcast's transcripts.
No topics indexed yet for this podcast.
Loading reviews...
ABOUT THIS SHOW
Voice of Tibet’s main objectives are to provide a channel for unbiased information and news to the Tibetans living under Chinese oppression in Tibet, to help preserve the threatened Tibetan culture, to educate the Tibetans in internationally acknowledged human rights, to inform about democracy and the democratic institutions of the Tibetan exile community, and to help prevent conflicts and discrimination. Another main objective is to improve communications within as well as between the Tibetan exile communities.
HOSTED BY
Voice of Tibet
Loading similar podcasts...